གནམ་གྲུའི་དོན་རྐྱེན་གྱི་རྒྱུ་རྐྱེན་ག་དུས་ཤེས་ཐུབ་བམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-28   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་།

གནམ་གྲུའི་སྒམ་ཆུང་ནག་པོ་དུས་ཡུན་ཅི་ཙམ་ནང་ཕབ་བཀྲོལ་བྱེད་ཐུབ་བམ།

        མཁའ་འགྲུལ་ཆག་སྒོར་མཚོན་ན་གནམ་གྲུའི་སྒམ་ཆུང་ནག་པོ་ཞིབ་གསོ་དང་དེའི་གཞི་གྲངས་ཕབ་བཀྲོལ་བྱེད་པ་ནི་འཕུར་སྐྱོད་དོན་རྐྱེན་ལ་བརྟག་དཔྱད་བྱེད་པའི་གནད་འགག་གི་ལྷུ་ཚིགས་ཤིག་ཡིན། སྒམ་ཆུང་ནག་པོའི་ནང་འཕུར་སྐྱོད་པས་ཁ་ལོ་སྒྱུར་ཚུལ་དང་གནམ་གྲུའི་མ་ལག་ཁག་གི་ལས་རྣམ་འགྱུར་ལྡོག་གི་ཆ་འཕྲིན་བཀོད་ཡོད་པས། འབྲེལ་ཡོད་གྲངས་གཞི་ཕབ་བཀྲོལ་བྱས་ན་ཆག་སྒོ་བྱུང་རྐྱེན་དབྱེ་ཞིབ་དང་བརྡར་ཤ་གཅོད་པར་དཔང་རྟགས་གལ་ཆེན་མཁོ་འདོན་བྱེད་ཐུབ། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཆག་སྒོ་བྱུང་བའི་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་པོ་དབྱིན་737-800ལ་ཨ་རིའི་ཧོ་ཉི་ཝུའེར་ཀུང་སིས་ཐོན་སྐྱེད་བྱས་པའི་འཕུར་སྐྱོད་ཟིན་འགོད་ཡོ་བྱད་གཉིས་ཡོད་ཅིང་། མིག་སྔར་རྙེད་ཟིན་པ་ནི་ཁ་ལོ་བ་སྡོད་ཁང་གི་སྐད་ཆའི་ཟིན་འགོད་ཆས་(CVR)ཡིན་པ་རེད། དེས་གནམ་གྲུའི་ཁ་ལོ་བའི་སྐད་ལམ་དང་། ཁ་ལོ་གཞོན་པའི་སྐད་ལམ། གྲ་སྒྲིག་སྐད་ལམ། ཁོར་ཡུག་གི་སྒྲའི་སྐད་ལམ་སོགས་སྐད་ལམ་བཞིའི་ནང་དོན་ཟིན་འགོད་ཐུབ་པ་དང་ཟིན་འགོད་དུས་ཡུན་ཆུ་ཚོད་གཉིས་ནས་གསུམ་བར་ཡིན་པ་རེད། ད་དུང་རྙེད་མེད་པའི་གཞི་གྲངས་ཟིན་འགོད་ཆས་(FDR)ཀྱི་ཟིན་འགོད་དུས་ཡུན་ཆུ་ཚོད་25ཡས་མས་ཡིན་ཞིང་། དེའི་ནང་མྱུར་ཚད། ཁ་ཕྱོགས། དགྱེ་སྒུའི་ཚད། འགྲེ་ལོག་ཚད། དྲང་འཕྱང་མྱུར་ཚད་བཅས་དང་། གནམ་གྲུའི་ལས་བྱེད་མི་སྣས་ཁ་ལོ་བསྒྱུར་པའི་གྲངས་ཚད་དང་། སྣུམ་སྒོ་སོགས་ཀྱི་ཟིན་ཐོ་1000ཡས་མས་བཀོད་ཡོད། དུས་ཡུན་ཅི་ཙམ་ནང་སྒམ་ཆུང་ནག་པོ་ཕབ་བཀྲོལ་བྱས་ཚར་མིན་ནི་དོན་རྐྱེན་གྱི་དོན་དངོས་ལ་རེ་སྒུག་བྱེད་མཁན་སྤྱི་དམངས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་ཞིག་རེད། ཟིན་འགོད་ཡོ་ཆས་ཀྱི་གཞི་གྲངས་ཕབ་བཀྲོལ་བྱེད་པར་དུས་ཚོད་ངེས་ཅན་ཞིག་དགོས་པ་ཡིན་ལ། གལ་ཏེ་ནང་ཁུལ་གྱི་གསོག་འཇོག་ཚན་པ་ལ་ཆག་སྐྱོན་བྱུང་ན་དུས་ཡུན་དེ་བས་མང་པོ་འགོར་སྲིད། ནུབ་བྱང་བཟོ་ལས་སློབ་ཆེན་མཁའ་འགྲུལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཀུའོ་ཆིང་ལགས་ཀྱིས་སྒམ་ཆུང་ནག་པོའི་འགྲེལ་བཤད་དུས་ཡུན་ནི་དེའི་གཏོར་སྐྱོན་ཐེབས་ཚད་དང་འབྲེལ་བ་ཡོད། ཉིན་ཁ་ཤས་སམ་ཡང་ན་ཟླ་བ་ཁ་ཤས་འགོར་གྱི་ཡོད་ཅེས་ཟེར། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རྙེད་ཟིན་པའི་སྒམ་ཆུང་ནག་པོའི་ཕྱི་ངོས་དང་གསོག་ཉར་ཚན་པའི་ཕྱི་ངོས་གཉིས་ལ་གཏོར་སྐྱོན་ངེས་ཅན་ཕོག་ཡོད་མོད་བལྟོས་བཅས་ཀྱིས་ཅུང་ཆ་ཚང་བར་གཏོགས་པ་རེད། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་མཁའ་འགྲུལ་བདེ་འཇགས་ཞིབ་འཇུག་ཁང་གི་འགོ་འཛིན་ཧྲུའུ་ཕིང་ལགས་ཀྱིས་“སྤྱིར་བཏང་བྱས་ན་བརྟག་དཔྱད་ཚོགས་ཆུང་གིས་གཏོར་སྐྱོན་ཕོག་ཚུལ་ལ་གཞིགས་ནས་གང་དུ་སྐྱེལ་མིན་ཐག་གཅོད་བྱེད་པ་ཡིན། གལ་ཏེ་གནས་ཚུལ་ཡག་པོ་ཡོད་ཚེ་སྤྱིར་ན་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་དམངས་སྤྱོད་མཁའ་འགྲུལ་ཆེད་ལས་སྒྲིག་གཞིའི་ཚོད་ལྟ་ཁང་དུ་ཕབ་བཀྲོལ་བྱ་རྒྱུར་སྐྱེལ་དགོས། གལ་ཏེ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་ཚེ་སྒྲིག་ཆས་དེའི་ཐོག་མའི་བཟོ་གྲྭ་རུ་བསྐྱལ་ནས་སླར་གསོ་དང་ཐག་གཅོད་བྱེད་དགོས་པ་ཡིན་ཟེར།