རྒྱུན་དུ་མིག་ཟུང་སྐམ་པའི་ཚོར་སྣང་བྱུང་བ་དེ་ཅི་ཞིག་ཡིན་ནམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-24   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚགས་པར།

     དེང་སྐབས་མི་རྣམས་ལག་ཁྱེར་ཁ་པར་གྱི་སྟེང་ནས་བརྙན་ཐུང་ལ་ལྟ་བ་དང་འཁྱུག་དབྱངས་དང་མགྱོགས་འཕྲིན་རྩེ་བ་སོགས་ཀྱི་རོལ་རྩེད་ལ་གཡེང་དྲགས་པས། མིག་ཟུང་སྐམ་པ་དང་མིག་ནང་དུ་ཅི་ཞིག་ཡོད་པའི་ཚོར་སྣང་འབྱུང་བ་སོགས་ཀྱི་སྣང་ཚུལ་མི་ཉུང་བ་འབྱུང་བཞིན་ཡོད།        

       དོན་དངོས་སུ། ནད་རྟགས་དེ་དག་ནི་མིག་སྐམ་ནད་དང་ཡང་ན་མིག་ལ་ངལ་དུབ་བྱུང་བའི་རྟགས་ཡིན་ལ། མིག་སྐམ་ནད་ཀྱི་འབྱུང་རྐྱེན་ནི་ཧ་ཅང་རྙོག་འཛིང་ཆེ་བ་ཞིག་ཡིན་ཏེ། མིག་ལ་ངལ་དུབ་བྱུང་བ་ལས་གཞན་ད་རུང་བུད་མེད་རྣམས་ལ་མཚོན་ན་སྐུལ་རྩི་ལ་འགྱུར་ལྡོག་བྱུང་བ་དང་ཡང་འབྲེལ་བ་དམ་པོ་ཡོད། སྤྱིར་བཏང་དུ་བུད་མེད་རྣམས་ནི་ལོ་བཞི་བཅུའི་ཡན་ལ་བུད་རྗེས་ལུས་སྟེང་གི་སྐུལ་རྩི་ཇེ་ཉུང་དུ་འགྲོ་བ་དང་། དེའི་ཁར་དགུན་ཁར་ཁང་པའི་ནང་གི་མཁའ་དབུགས་སྐམ་པ་སོགས་དུས་རྒྱུན་ཁོར་ཡུག་གི་ཤུགས་རྐྱེན་འོག མིག་སྐམ་ནད་འབྱུང་ཚད་ཧ་ཅང་མཐོ། རྒན་པ་རྣམས་ལ་མིག་ལྕིབས་གཤེར་རྨེན་གྱི་བྱེད་ནུས་ལ་གེགས་རྐྱེན་ཐེབས་པ་དང་། མིག་ངོས་སྣུམ་ཚིལ་ཟགས་ཐོན་དོ་མཉམ་མིན་པ་སོགས་ཀྱིས་ཀྱང་མིག་སྐམ་ནད་སློང་སྲིད།

    ཚང་མར་དྲན་སྐུལ་བྱེད་རྒྱུ་ཞིག་ནི།མིག་ཟུང་སྐམ་པ་དང་མིག་ལ་ངལ་དུབ་འབྱུང་བ། མིག་ནང་དུ་ཅི་ཞིག་ཡོད་པ། སྐྲངས་གཟེར་དང་ཚ་ལམ་ལམ་བྱེད་པ་སོགས་ཀྱི་ཚོར་སྣང་འབྱུང་སྐབས་དོ་སྣང་ལེགས་པོ་བྱེད་དགོས། ནད་པས་མིག་བཀོལ་སྤྱོད་བྱེད་པར་ཚོད་འཛིན་བྱེད་དགོས་ལ། ཐག་ཉེ་ས་ནས་བརྙན་རིས་སོགས་ལ་མི་ལྟ་བར་མ་ཟད་རྒྱུན་དུ་ཚ་བཅོས་བྱེད་དགོས། གལ་ཏེ་གོང་གི་བྱེད་ཐབས་དེ་དག་སྤྱད་ནའང་ནད་རྟགས་ད་རུང་ཇེ་ཡང་དུ་མི་འགྲོ་ན། སྨན་པའི་མཛུབ་སྟོན་འོག0.1%ནས0.3%ཅན་གྱི་ཤེལ་སྐྱུར་ནཱ་སོགས་མིས་བཟོས་མིག་ཆུ་ཁ་གསབ་བྱེད་དགོས། གལ་ཏེ་མིག་གི་གཉན་ཚད་དང་བསྡོངས་ནས་མིག་ཟུང་དམར་པོར་གྱུར་པ་སོགས་ཀྱི་ནད་རྟགས་ཚབས་ཆེན་བྱུང་ན། གར་ཚད་དམའ་བའི་སྐུལ་རྩི་བཀོལ་ཏེ་མིག་ངོས་ཀྱི་རེད་མིན་རང་བཞིན་གྱི་གཉན་ཚད་ལ་ཚོད་འཛིན་བྱེད་དགོས། གོང་གི་བྱེད་ཐབས་དེ་དག་སྤྱད་ན་ནད་པ་མང་ཆེ་བའི་ནད་རྟགས་ཇེ་ཡང་དུ་འགྲོ་ངེས།།


མིག་སྐམ་ནད་ཀྱི་གནོད་པ།
    མིག་སྐམ་ནད་པར་རྒྱུན་དུ་མིག་ལ་ཟ་འཕྲུག་ལངས་པ་དང་མིག་ནང་དུ་ཅི་ཞིག་ཡོད་པ་ལྟ་བུའི་ཚོར་སྣང་འབྱུང་བ། མིག་ཟུང་ཚ་ལམ་ལམ་བྱེད་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད།
    དོ་སྣང་བྱེད་དགོས་པ་ཞིག་ནི། མིག་སྐམ་ནད་པར་མཐོང་ཤུགས་ཇེ་ཞན་དུ་འགྲོ་བའི་ནད་རྟགས་འབྱུང་བར་མ་ཟད། སེམས་ཁམས་དང་བསམ་བློའི་སྟེང་དུའང་ཤུགས་རྐྱེན་ངན་པ་མི་ཉུང་བ་འབྱུང་སྲིད།
    དབྱིན་ཇིའི་ནན་ཨན་ཕུའུ་ཏུན་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་དྲ་རྒྱའི་སྟེང་ནས་མིག་སྐམ་ནད་པ་སྟོང་གཅིག་ཙམ་དང་མིག་སྐམ་ནད་བྱུང་མེད་པའི་མི་སྟོང་གཅིག་ཙམ་བརྟག་དཔྱད་བྱ་ཡུལ་དུ་བཟུང་སྟེ་བརྟག་དཔྱད་ཐེངས་གཅིག་སྤེལ་བ་དང་། བརྟག་དཔྱད་ལ་ནང་དོན་གཉིས་འདུས་པ་སྟེ། གཅིག་གིས་བརྟག་དཔྱད་བྱ་ཡུལ་གྱི་མིག་གི་བདེ་ཐང་དང་མཐོང་ཤུགས་ལ་བརྟག་ཅིང་། གཅིག་གིས་འཚོ་བའི་སྤུས་ཀར་བརྟག་པ་རེད། བརྟག་དཔྱད་ལས་མངོན་པ་ལྟར་ན། མིག་སྐམ་ནད་ཀྱི་ཚབས་ཅི་ལྟར་ཆེ་ན་ནད་པའི་འཚོ་བ་དང་སེམས་ཁམས་སྟེང་ཐེབས་པའི་ངན་ཤུགས་དེ་ལྟར་ཆེ་ཞིང་། མིག་སྐམ་ནད་བྱུང་ཡོད་པའི་མི་དེ་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་དཀའ་ཁག་དང་འཕྲད་ཚད་དེ་བས་མཐོ་བས། ཁོ་ཚོར་སེམས་ཁམས་མི་བདེ་བ་དང་ཡིད་མུག་པའི་ཚོར་སྣང་སྣ་ཚོགས་འབྱུང་བ་དང་། ནད་རྟགས་ཚབས་ཆེན་ཡིན་པའི་ནད་པ་རྣམས་སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་མི་འདོད་པར་སྒྱིད་ལུག་གི་སེམས་ཁམས་འབྱུང་སླ་བ་རེད། ཞིབ་འཇུག་མི་སྣས་ཤེས་པ་ལྟར་ན། ནད་མེད་བདེ་ཐང་གི་མི་དང་བསྡུར་ན་མིག་སྐམ་ནད་པར་གྲིམ་བུ་དང་ཐོས་ཤུགས་ཉམས་པ། ཚོར་རྐྱེན་རང་བཞིན་གྱི་རྒྱུ་མའི་ཕྱོགས་བསྡུས་གཉན་ཚད་སོགས་ཀྱི་ནད་འབྱུང་ཚད་ལྡབ་འགྱུར་གྱིས་མཐོ།
    ཐེངས་དེའི་བརྟག་དཔྱད་ལས་ཤེས་པ་ལྟར་ན། མིག་སྐམ་ནད་པ་དང་ནད་མེད་མི་སྣའི་གློག་ཀླད་ལ་ལྟ་བའི་ཚད་དང་ཀློག་འདོན་བྱེད་ཚད་འདྲ་མཉམ་ཡིན་མོད། འོན་ཀྱང་མིག་སྐམ་ནད་པས་གློག་ཀླད་བཀོལ་བ་དང་ཀློག་འདོན་བྱེད་སྐབས་དྲོད་འདོན་འཕྲུལ་ཆས་བཀོལ་བ་དང་ཁང་པའི་ནང་གི་དྲོད་ཚད་མཐོ་དྲགས་པ། མཁའ་དབུགས་ལ་སྦགས་བཙོག་ཐེབས་ཡོད་པ་སོགས་ཀྱི་ཁོར་ཡུག་གི་རྒྱུ་རྐྱེན་ངན་པ་མི་ཉུང་བ་དང་འཕྲད་ཡོད་པ་དང་། རྒྱུ་རྐྱེན་དེ་དག་ནི་མིག་སྐམ་ནད་ཀྱི་འབྱུང་རྐྱེན་གཙོ་བོར་གྱུར་ཡོད་པས་མཉམ་འཇོག་བྱེད་དགོས། །