ཚང་ཚིང་ནགས་ཚལ་ཁྲོད་ཀྱི་དགའ་ལྡན་བཀྲ་ཤིས་བསམ་གཏན་གླིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཚང་ཚིང་ནགས་ཚལ་ཁྲོད་ཀྱི་དགའ་ལྡན་བཀྲ་ཤིས་བསམ་གཏན་གླིང་།

     ཉེ་སྔོན་ངེད་བདེ་ཆེན་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་གསར་འགོད་པའི་ཚོ་ཆུང་བཀྲ་ཤིས་བསམ་གཏན་གླིང་དུ་བཅར་འདྲི་སོང་བ་ཡིན་ཏེ།གཏེར་མ་རོང་གི་ས་བབས་ཆེས་དམའ་སའི་གཤོལ་ཆུའི་འགྲམ་ནས་སྤྱི་ལེ་30ཡས་མས་དང་དུས་ཚོད་གཅིག་ཙམ་གྱི་ཀྱག་ཀྱོག་རི་ལམ་བརྒྱུད་ན་ད་བཟོད་གངས་སེམས་གནས་རིའི་སྐེད་དུ་ཆགས་པའི་བཀྲ་ཤིས་བསམ་གཏན་གླིང་དགོན་པར་ཐོན་ཐུབ་པ་རེད།དགོན་པར་ཐོན་མ་ཐག་མིག་ལ་ཐོགས་ཡོང་བ་ནི་བརྗིད་ཅིང་རྔམ་པའི་འདུ་ཁང་དང་དགོན་པའི་མཛེས་པ་མངོན་པར་ཐོན་པའི་མཆོད་རྟེན་དཀར་པོ།དེ་མིན་དགོན་པའི་ར་སྐོར་གྱི་དཀྱིལ་ན་མཁའ་ལ་སྒྲེང་ཡོད་ལ་ལྷད་མེད་གངས་དཀར་གྱི་དབུས་ན་དལ་གྱིས་རླུང་གིས་སྐྱོད་བཞིན་པའི་རྒྱལ་དར་དེ་ཡིན་ལ།འདི་དག་ཀྱང་རང་བྱུང་གི་མཛེས་པའི་བཀོད་པ་འདིའི་ཁྲོད་དུ་དམིགས་བསལ་གྱི་མཛེས་པ་ཁྱད་པར་བ་ཞིག་གྲུབ་ཡོད།  ལོ་འདི་དག་རིང་བདེ་ཆེན་ཁུལ་གྱིས་ཆོས་ལུགས་དད་མོས་རང་དབང་དང་རྒྱལ་གཅེས་ཆོས་གཅེས།སྐྱེ་ཁམས་སྲུང་སྐྱོབ་སོགས་རྒྱལ་ཁབ་ཆོས་ལུགས་ལས་དོན་དང་འབྲེལ་ཡོད་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཤིང་།     ཕན་འབྲས་མངོན་གསལ་ཐོན་པ་རེད། 

བཀྲ་ཤིས་བསམ་གཏན་གླིང་གི་གྲྭ་བ་ཡོངས།

   ལོ་རྒྱུས་དང་རིག་གནས་གཉིས་ལྡན་གྱི་དགོན་སྡེ།

   དགའ་ལྡན་བཀྲ་ཤིས་བསམ་གཏན་གླིང་གི་མིང་གཞན་ལ་དགོན་གསར་དགོན་ཡང་འབོད་པ་རེད།དགོན་པ་འདི་བདེ་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་གི་ལྷུང་ལྷུང་གཤོལ་ཆུ་བབས་པའི་སྨད་རྒྱུད་དེ་ཧྲེན་ལི་ཡུལ་ཚོ་གངས་སེམས་གྲོང་མི་ཚོ་ཆུང་གི་གངས་སེམས་གནས་རིའི་འདབས་རོལ་དུ།ཕྱོགས་བཞི་གངས་རི་ར་བས་སྐོར་ཞིང་མཐའ་ཁོར་ཚང་ཚིང་ལྗོན་པས་བརྒྱན་པ། ལོགས་ན་ལྷུང་ལྷུང་གངས་ཆུ་འབབ་པའི་རང་བྱུང་གི་བཀོད་པ་མཛེས་པའི་གནས་ཡུལ་ཁྱད་པར་བ་ཞིག་ཏུ་ཆགས་ཡོད་ལ། གནས་འདི་མཚོ་ངོས་ལས་སྨི་3600ཡོད་པའི་རི་སྐེད་ཅིག་ཡིན་པ་རེད། དགོན་པའི་ལོ་རྒྱུས་ཡིག་ཆ་ལྟར་ན་བཀྲ་ཤིས་བསམ་གཏན་གླིང་ནི་སྤྱི་ལོ་1538ལོར་ཕྱག་བཏབས་ཤིང་། ད་ལྟའི་བར་ལོ་ངོ་484ལྷག་གི་ལོ་རྒྱུས་ཀྱི་རྒྱུན་རིང་བོ་ལྡན།  དགོན་པ་ཐོག་མར་ཕྱག་བཏབས་པའི་དུས་སུ་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན་ལ།མིང་རྒྱལ་རབས་ཀྱི་དུས་མཇུག་དང་ཆིང་རྒྱལ་རབས་ཀྱི་དུས་མགོར་དགེ་ལུགས་པའི་དགོན་པར་བསྒྱུར་བར་བཤད།  དགོན་པའི་འདུ་ཁང་རྙིང་བའི་ནང་དུ་ད་དུང་ལོ་ངོ་བརྒྱ་ཕྲག་དུ་མའི་སྔོན་གྱི་ལྡེབས་རིས། ལྷ་སྐུ་སོགས་ཤུལ་བཞག་རིག་དངོས་དང་རྟེན་རྫས་རྙིང་བ་མང་བོ་མཐོང་རྒྱུ་ཡོད་པ་རེད།  དགོན་པའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་59400ཡོད་དེ། སྤྱིའི་འཛུགས་སྐྲུན་ལ་ཚོགས་ཆེན་འདུ་ཁང་དང་སྲུང་མའི་ལྷ་ཁང་། རྒྱལ་བའི་མཆོད་རྟེན་ཆ་བརྒྱད། གྲྭ་ཤག མ་ཎི་འཁོར་ལོ་ཁང་སོགས་ཡོད་པ་རེད། ད་ལྟ་དགོན་པར་བསྡོམས་པས་གྲྭ་བ་20ཡས་མས་ཡོད་པ་རེད།

དགོན་པའི་འདུ་ཁང་རྙིང་བ།

གནའ་བོའི་ཤིང་སྐས།

སྔོན་གྱི་དགོན་པའི་ཐབ་ཚང་།

གྲྭ་ཤག་རྙིང་བ།

འདུ་ཁང་ནང་གི་གནའ་བོའི་ལྡེབས་རིས།

ཀྱག་ཀྱོག་གི་རི་ལམ་རིང་མོ།

    ཉེ་བའི་ལོ་འདི་དག་རིང་རྒྱལ་ཁབ་ཀྱིས་དགོན་སྡེ་འཛུགས་སྐྲུན་ཐད་མི་ཤུགས་དང་རྒྱུ་ཤུགས་འབོར་ཆེན་བཏང་ཤིང་།གྲྭ་བཙུན་གྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་བར་འབད་པ་ལྷོད་མེད་བྱས་པ་རེད།  བཀྲ་ཤིས་བསམ་གཏན་གླིང་ཡང་དེ་ལས་མ་འདས་པར་སྤྱི་ལོ་2008ལོར་དགོན་པར་རླབས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་ཐོག་མར་བཏོད་ཅིང་། དེ་ནས་བཟུང་དགོན་པར་རླངས་འཁོར་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། 

གཞུང་ལམ་འགྲམ་གྱི་གྲོང་ཚོ། 

གངས་ལ་ཐུག་པའི་ཕྱུག་འགྱུར་གྱི་ལམ།

    ཕྱུག་འགྱུར་གྱི་རི་ལམ་ཀྱག་ཀྱོག

    གཞུང་ལམ་ནི་རང་རེའི་རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་ཕྱུག་ལམ་དུ་སྐྱོད་པའི་གཞི་རྩ་དང་ཐོག་མའི་ཆ་རྐྱེན་ཡིན་དེ།རྒྱལ་ཁབ་ཀྱིས་དཀའ་ལས་དང་རྒྱུ་ནོར་ཟད་གྲོན་ལ་མ་འཛེམ་པར་བཀྲ་ཤིས་བསམ་གཏན་གླིང་དགོན་པར་གཞུང་ལམ་ཤར་གཏོང་ཐུབ་པ་ནས་བཟུང་།ཉེ་འཁོར་གྱི་གྲོང་ཚོ་དག་ཀྱང་གཞུང་ལམ་འདི་དང་བསྟུན་ནས་འཚོ་བར་སྟབས་བདེ་ཚད་མེད་སྐྲུན་ཡོད་ལ།གྲོང་ཚོའི་ནང་གི་བཟོ་བཀོད་ཡག་པའི་ཁང་ཁྱིམ་དང་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་ཡོ་བྱད། དེ་མིན་ཁྱིམ་གྱི་རླངས་འཁོར་རྫིག་པོ་སོགས་ཀྱིས་གནས་འདིའི་གྲོང་མིའི་འཚོ་བ་ཡང་ལམ་འདི་དང་བསྟུན་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ཤེས་ཐུབ། དགོན་པར་གཞུང་ལམ་ཤར་གཏོང་ཐུབ་རྗེས་ཆུ་དང་གློག་སོགས་ཀྱང་སྔ་ཕྱི་བྱས་ནས་འདྲེན་འཐེན་བྱེད་ཐུབ་པ་བྱུང་ཞིང་།དུས་རྒྱུན་འཚོ་བའི་ཁྲོད་གློག་ཆས་བཀོལ་སྤྱོད་བྱེད་པ་མང་དུ་སོང་ལ་བརྙན་འཕྲིན་དང་ཁ་པར་སོགས་ཆ་འཕྲིན་ཅན་གྱི་དེང་རབས་འཚོ་བ་ཡང་རོལ་ཐུབ་པ་བྱུང་།

བཀྲ་ཤིས་བསམ་གཏན་གླིང་གི་གྲྭ་བ་འབྲུག་གྲགས།

དགོན་པའི་དཔེ་མཛོད་ཁང་གི་ཟུར་ཞིག

གསར་དུ་བསྐྲུན་པའི་གྲྭ་ཤག

    དགོན་པའི་གྲྭ་བ་འབྲུག་གྲགས་ཀྱིས་དགོན་པར་གཞུང་ལམ་ཤར་གཏོང་མ་ཐུབ་པའི་སྔོན་ལ་གྲྭ་མང་གི་འཚོ་བའི་མཁོ་ཆས་སོགས་རྟ་དྲེལ་ལ་བཀལ་ནས་ཡོང་དགོས་ལ།མཐའ་འཁོར་གྱི་གྲོང་ཚོའི་ནང་ནི་མཇལ་བ་དགོན་པར་མཇལ་སྐོར་དུ་ཡོང་ནའང་རྐང་ཐང་ལ་ཡོང་དགོས་པས་འགྲོ་འདུག་ཧ་ཅང་སྟབས་བདེ་མིན།དུས་དེ་རིང་རྒྱལ་ཁབ་ཀྱིས་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུས་ལམ་འདི་འདྲ་ཞིག་བཟོས་བས་འཚོ་བར་སྟབས་བདེ་སྐྲུན་པ་མ་ཟད་འགྱུར་ལྡོག་ཆེན་པ་བྱུང་སོང་ཞེས་བཤད།དེ་ཕྱིར་རྒྱལ་ཁབ་ཀྱིས་དཀའ་ཁག་ཚད་མེད་ཡོད་པའི་རི་ལུང་འདི་འདྲ་ཞིག་ལ་གཞུང་ལམ་བཟོས་པ་ལས་རྒྱལ་ཁབ་ཀྱིས་དབུལ་བོ་ཁྱིམ་དུད་གཅིག་ཀྱང་རྗེས་སུ་མི་བསྐྱུར་ལ་གྲལ་ནས་མི་འབོར་ཞེས་པའི་དམ་ཚིག་བརྩི་སྲུང་བྱེད་པའི་མདུན་པ་དྲག་པོ་དང་། འབངས་ཡོངས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པའི་ཆོད་སེམས་བརྟན་པོ་མཚོན་ཐུབ་པ་རེད། དུས་ད་ལྟ་དགོན་པར་གྲོང་ཁྱེར་ནང་གི་གྲ་དག་ལ་སྟབས་བདེ་ཡིན་པའི་ཐབ་ཚང་དང་དཔེ་མཛོད་ཁང་།ཚོགས་འདུ་ཁང་སོགས་རྨང་གཞིའི་སྒྲིག་ཆས་ཆ་ཚང་ཡོད་ལ། གྲྭ་མང་གི་འཚོ་བའི་མཐུན་རྐྱེན་ཧ་ཅང་བཟང་བོ་ཆགས་ཡོད་པ་རེད།

དགོན་པའི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བྱམས་པ་བློ་བཟང་།

    དགོན་པས་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་དད་མོས་རང་དབང་དང་ཚད་གཞི་བཞིའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་བཞིན་ཡོད་དེ།དགོན་པའི་ཟ་ཁང་གི་གྱང་ངོས་སུ་རྒྱལ་ཁབ་ཀྱི་རླབས་ཆེན་འགོ་ཁྲིད་ཁག་གི་སྐུ་པར་བཀལ་ཡོད་ལ།ར་སྐོར་གྱི་གྱང་ངོས་སུ་ཡང་རྒྱལ་གཅེས་ཆོས་ཀྱི་ཡིག་བྱང་མང་བོ་སྦྱར་ཡོད་པ་མཐོང་ཐུབ། དགོན་པའི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བྱམས་པ་བློ་བཟང་གིས་རྒྱལ་ཁབ་ཀྱིས་ང་ཚོའི་དགོན་པ་ཞིག་གསོ་དང་བསྐྱུར་སྐྲུན་ལ་རོགས་སྐྱོར་མང་བོ་བྱས་པ་མ་ཟད་།གྲྭ་མང་གི་འཚོ་བའི་ཆ་རྐྱེན་འཕེལ་རྒྱས་ཆེན་བཏང་བས་རྒྱལ་ཁབ་ཀྱི་དྲིན་ལན་ནམ་ཡང་བརྗེད་ཀྱི་མེད། དེ་ཕྱིར་དགོན་པའི་གྲྭ་མང་གིས་ཀྱང་དུས་ལྟར་རྒྱལ་ཁབ་ཀྱི་སྲིད་ཇུས་སློབ་སྦྱོང་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་དྲན་བཞིན་ཡོད་ཅེས་བཤད།

རྒྱལ་བའི་མཆོད་རྟེན་ཆ་བརྒྱད་དང་མ་ཎི་འཁོར་ལོ།

གྲོང་མི་དང་དགོན་པའི་གྲྭ་བ་རྣམས་ཀྱི་མཉམ་དུ་སྡོང་འཛུགས་ནགས་སྐྲུན་གྱི་དགེ་ལས་སྒྲུབ་བཞིན་པ།

    སྐྱེ་ཁམས་ཀྱི་མཛེས་པས་བརྒྱན་པའི་དགོན་སྡེ།

    སྐྱེ་ཁམས་ནི་བཀྲ་ཤིས་བསམ་གཏན་གླིང་དགོན་པའི་དམིགས་བསལ་ཁྱད་ཆོས་ཤིག་དང་ཆ་རྐྱེན་ཞིག་ཏུ་གྱུར་ཡོད་དེ།རྒྱལ་ཁབ་ཀྱིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལམ་ཕྱོགས་གཏན་ཁེལ་བྱས་རྗེས།དགོན་པས་སྔོན་གྱི་སྲོག་བླུ་བྱེད་པའི་ཆོས་ལུགས་བྱེད་སྒོ་དེ་སྡོང་འཛུགས་ནགས་སྐྲུན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་ལ་བསྒྱུར་ཞིང་།ལོ་རེར་དགོན་པའི་གྲྭ་བ་དང་མཐའ་ཁོར་གྱི་གྲོང་མིས་མཉམ་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད་པ་རེད།དགོན་པའི་མཐའ་ཁོར་གྱི་སྡོང་བོ་སྣ་ཚོགས་དང་། སྡོང་བོའི་བར་ན་འཕུར་ལྡིང་བྱེད་བཞིན་པའི་བྱ་རིགས་སྣ་ཚོགས་ལས་དགོན་པས་ལོ་འདི་དག་རིང་སྐྱེ་ཁམས་སྲུང་སྐྱོབ་བྱས་པའི་ཕན་འབྲས་མིག་མཐོང་ལག་ཟིན་ཡིན་ལ།དེ་མིན་བཀྲ་ཤིས་བསམ་གཏན་གླིང་དགོན་གྱིས་དེ་སྔོན་གྱི་སྡིག་སྤོངས་དགེ་སྒྲུབ་ཀྱི་སྤྱོད་བཟང་དེ་སྐྱེ་ཁམས་སྲུང་སྐྱོབ་ལ་བསྒྱུར་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ལམ་དུ་སྤོས་པ་རེད།