འཆམ་མཐུན་དང་དཔལ་ཡོན་གཉིས་ལྡན་གྱི་འཕགས་པ་ཐར་པ་གླིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        

▲འཕགས་པ་ཐར་པ་གླིང་གི་ཕྱིའི་བཀོད་པ།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་རྒྱལ་ལམ་214བརྒྱུད་ནས་སྤྱི་ལེ110ཡས་མས་དང་ཆུ་ཚོད་གཉིས་ལྷག་གི་ལམ་ཐག་བརྒྱུད་རྗེས། ཀོང་རྩེད་ར་གྲོང་རྡལ་ཤོག་གསུམ་གྲོང་སྡེ་ཆུ་སྐྱུར་གྲོང་མི་ཚོ་ཆུང་དུ་སླེབས་པ་རེད།གྲོང་ཚོའི་རི་སྒང་དུ་བརྗིད་ཀྱིས་ཆགས་པའི་འཕགས་པ་ཐར་པ་གླིང་དགོན་མཐོང་ཐུབ་ལ།  དགོན་པ་འདི་ནི་བདེ་ཆེན་ཁུལ་གྱི་ཇོ་མོ་དགོན་པ་གཅིག་པུ་ཡིན་པ་རེད།  མིག་སྔར་དགོན་པའི་ནང་དུ་ཇོ་མོ་121ཡོད་ལ།འདིའི་ཁྲོད་དུ་བདེ་ཆེན་གྱི་ཇོ་མོ་ཡོད་པ་མ་ཟད།བོད་ལྗོངས་སྨར་ཁམས་དང་སི་ཁྲོན་སྡེ་རོང་སོགས་ནས་ཡོང་བའི་ཇོ་མོ་ཡང་ཡོད་པ་རེད། ང་ཚོ་དགོན་པའི་འདུ་ཁང་དུ་སོང་བ་ན་དགོན་སྡེའི་ལས་རེས་པ་ཇོ་མོ་གསུམ་གྱིས་དཔེ་མཛོད་ཁང་དུ་དཔེ་ཆར་བལྟ་བཞིན་འདུག  དགོན་པའི་ཇོ་མོ་གཞན་དག་རང་རང་གི་ཕ་ཡུལ་དུ་ལོག་སོང་མོད། འོན་ཀྱང་དགོན་པ་སྔར་བཞིན་ཞི་མཐུན་དང་བདེ་སྐྱིད་ཀྱི་སྣང་བ་ཞིག་གིས་ཁེངས་ཡོད།

▲2022ལོའི་ཟླ2པའི་ཚེས14ཉིན།ཐར་པ་གླིང་གི་ཇོ་མོའི་དགོན་པའི་དཔེ་མཛོད་ཁང་དུ་དཔེ་ཆར་བལྟ་བཞིན་པ།

        ཆ་རྐྱེན་འཛོམས་པའི་དགོན་པ་རུ་ཇོ་མོ་ཚོའི་འཚོ་བ་འཛུམ་གྱིས་ཁེངས།

        དགོན་པར་ཐོན་མ་ཐག ང་ཚོའི་མིག་ལམ་དུ་གསལ་ལེར་ཐོགས་ཡོང་པ་ནི་གྲལ་དག་པའི་གྲྭ་ཤག་དང་མཐོ་ཞིང་བརྗིད་པའི་འདུ་ཁང་། མཛེས་ཞིང་གཙང་པའི་ཁོར་ཡུག དེ་མིན་ལམ་གྱི་ལོགས་གཉིས་སུ་ཕྲེང་སྟར་སྒྲིག་པའི་གློག་སྡོང་བཅས་ཡིན།དགོན་པའི་ཕྱིའི་བཀོད་པ་འདི་དག་གིས་འཕགས་པ་ཐར་པ་གླིང་གི་དེང་རབས་ཅན་གྱི་སྒྲིག་གཞི་དང་མཐུན་རྐྱེན་ཕུན་སུམ་ཚོགས་པའི་བདེ་སྐྱིད་ཀྱི་འཚོ་བ་ཏོག་ཙམ་ཤེས་ཐུབ།

▲དེ་སྔོན་གྱི་དགོན་པའི་ཐབ་ཚང་།

        དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཇོ་མོ་ཆོས་འཛོམས་ཀྱིས་ད་ལྟའི་དགོན་པའི་ཆ་རྐྱེན་ནི་ལོ་རེ་ལས་ལོ་རེར་བཟང་།དེ་སྔོན་མོ་རང་ཐོག་དང་པོར་དགོན་པ་སླེབས་སྐབས།དགོན་པའི་ཆ་རྐྱེན་ནི་ཅུང་ཞན་ལ།དགོན་པ་འགྲོ་སའི་ལམ་ཡང་ས་ལམ་ཡིན་པས།ཆར་བ་འབབ་སྐབས་དགོན་པ་འགྲོ་སའི་ལམ་ནི་འདམ་བག་གིས་ཁེངས་ལ།མི་སོགས་འགྲོ་འདུག་ལ་དངོས་གནས་དཀའ་ཁག་མང་པོ་ཡོད།དེ་མིན་ང་ཚོ་འདུག་སའི་གྲྭ་ཤག་ཡང་ཇོ་མོ་མང་པོ་མཉམ་དུ་འདུག་དགོས་ལ།ཇ་ཁང་ཀྱང་རྙིང་རུལ་གྱི་ཁང་ཆག་ཅིག་ཡིན་པས།འཚོ་བའི་ཆ་རྐྱེན་ཧ་ཅང་ཞན།ཉེ་བའི་ལོ་འགའི་རིང་། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཐར་པ་གླིང་དགོན་ལ་མ་དངུལ་ཐད་ཀྱི་རོགས་སྐྱོར་ཆེན་མོ་གནང་ནས་ཚོམས་ཆེན་གྱི་མཐའ་འཁོར་སྐོར་བ་དང་། གྲྭ་ཤག དེ་མིན་ཇ་ཁང་སོགས་བསྐྱར་བསྐྲུན་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་། དེང་སྐབས་དཀར་ཞིང་གཙང་བའི་ཇ་ཁང་དུ་འཁྱགས་སྒམ་དང་གློག་ཐབ། གློག་ཁོག་སོགས་དེང་རབས་ཅན་གྱི་གློག་ཆས་སྣ་ཚོགས་སྒྲིག་སྦྱོར་བྱས་ཡོད་པ་མ་ཟད།རང་འབབ་ཆུ་ཡང་ཇ་ཁང་ནང་དུ་འཐེན་ཡོད།   འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་མོ་བྱུང་།དེ་ཕྱིར་ང་ཚོ་ཇོ་མོ་ཚོས་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་བྱུང་།


▲ད་ལྟའི་དགོན་པའི་ཐབ་ཚང་།

        དགོན་པའི་ཇོ་མོ་སྒྲོལ་མ་ཡིས་ང་ཚོ་ཇོ་མོ་ཚོའི་སློབ་སྦྱོང་དང་འཚོ་བ་ལ་ཡང་འགན་སྲུང་བཟང་པོ་ཡོད། རང་དགོན་པར་དགོན་པའི་སྨན་ཁང་ཡོད་པས།དུས་རྒྱུན་དུ་ཆམ་པ་ཕོག་པའམ་ཡང་ན་ཕོ་བ་ན་བ་སོགས་བྱུང་ན་དགོན་པའི་སྨན་ཁང་དུ་སྨན་བཅོས་བྱེད་ཆོག གཞན་ནད་གཞི་ཆེན་པོ་བྱུང་ནའང་རང་ལ་སྨན་བཅོས་འགན་བཅོལ་ཡོད་པས།འདིའི་ཐད་ལ་སེམས་ཁུར་ཅི་ཡང་མེད་པ་རེད། རང་དགོན་པའི་ཇོ་མོ་ཡོངས་ཀྱིས་སྤྱི་ཚོགས་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ལའང་ཞུགས་ཡོད། ད་ནི་བློ་གཅིག་སེམས་གཅིག་གིས་ཆོས་སྦྱོང་ལ་འབད་པས་ཆོག་ཅེས་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་བྱུང་།

ལོ་གང་མང་རིང་། བདེ་ཆེན་ཁུལ་གྱིས་དགོན་སྡེ་དང་གྲྭ་པ་རྣམས་སྤྱི་ཚོགས་ཅན་གྱི་དོ་དམ་དང་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ནང་ཚུད་པར་བྱས་ཏེ་བྱམས་བརྩེའི་ཞབས་ཞུ་གང་མང་སྤེལ་ཡོད། སྲིད་གཞུང་གིས་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱས་ནས་དགོན་པར་ཆུ་དང་།གློག ལམ་སོགས་ཤར་གཏོང་ཐུབ་པའི་དམངས་ཕན་གྲྭ་ཕན་གྱི་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱས། ཆོས་ལུགས་མི་སྣའི་འཚོ་བའི་ཐད་ཐུགས་ཁུར་དང་དོ་སྣང་བྱས་ཏེ། སྨན་བཅོས་འགན་བཅོལ་དང་རྒན་གསོ་སོགས་སྤྱི་ཚོགས་འགན་སྲུང་ལམ་ལུགས་དགོན་པར་སྐྱེལ་ལ། ཁོང་ཚོའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་མེད་པར་བཟོས་ཏེ།རྒྱ་ཆེའི་གྲྭ་བཙུན་རྣམས་བདེ་སྡོད་ལས་བརྩོན་དང་བློ་རྩེ་གཅིག་སྒྲིམ་གྱི་ཆོས་སྦྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན་ཡོད་པ་རེད།

        འཆམ་མཐུན་དང་དཔལ་ཡོན་གཉིས་ལྡན་གྱི་དགོན་སྡེ་ཧུར་གྱིས་བསྐྲུན་པ།

▲དགོན་པའི་ཇོ་མོ་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་100འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས་པ།

        འཕགས་པ་ཐར་པ་གླིང་ནི་ཡུན་ནན་བོད་བརྒྱུད་ནང་བསྟན་གྱི་ཇོ་མོ་དགོན་པ་གཅིག་པུ་ཡིན།དེའང་ཆིང་གོང་མ་ཆན་ལུང་ཁྲི་ལོ་སོ་དྲུག་པ་སྟེ་སྤྱི་ལོ1772ལོར་བཀྲ་ཐང་སྐུ་ཕྲེང་གསུམ་པ་ཨ་ཕུས་ཕྱག་བཏབ་པ་རེད།ཁོང་གིས་རྒྱལ་ནང་ནས་ཐོན་སྐྱེད་བྱས་པའི་འཁལ་ཐག་ཐོན་རྫས་རས་སྔོན་གྱིས་དགོན་སྡེའི་རྩིག་རྨང་འདིང་བའི་མ་དངུལ་བརྗེས་ཤིང་།ཤོག་གསུམ་ཇོ་མོ་དགོན་དང་ཡར་རི་ཇོ་མོ་དགོན་གཉིས་ཕྱག་བཏབ་པས།དོན་འགྲུབ་གླིང་དགོན་གྱི་བཀྲ་ཐང་སྐུ་ཕྲེང་རིམ་བྱོན་རྣམས་དགོན་པ་དེ་གཉིས་ཀྱི་དགོན་བདག་ཏུ་འགྱུར་བ་རེད།སྤྱི་ལོ་1986ལོར་པཎ་ཆེན་རིན་པོ་ཆེ་བདེ་ཆེན་ལ་གཟིགས་ཞིབ་གནང་བར་ཕེབས་ནས་ཀོང་རྩེད་རར་འབྱོར་སྐབས་ལམ་བར་དུ་ཤོག་གསུམ་ཇོ་མོ་དགོན་པའི་དགོན་བདག་དང་མཇལ་འཕྲལ་གནང་བ་དང་།རྩ་ཆེའི་གྲོས་འགོ་མང་པོ་བཏོན་ནས་དགོན་པ་དེ་སླར་གསོ་བྱ་རྒྱུར་རྨང་གཞི་བཏང་བ་རེད།དོན་གྲུབ་གླིང་དགོན་གནས་སྤོ་བསྐྱར་སྐྲུན་བྱས་པའི་རྐྱེན་གྱིས་གནས་རྙིང་དུ་ད་དུང་འདུ་ཁང་ཆེན་པོ་ཞིག་དང་ཅ་དངོས་གཞན་པ་ཁག་ཅིག་ཡོད་ཅིང་།བཀྲ་ཐང་བླ་སྤྲུལ་གྱིས་ཤོག་གསུམ་ཇོ་མོ་དགོན་དང་ཡར་རི་འབྲི་ལུང་ཇོ་མོ་དགོན་གཉིས་དོན་གྲུབ་གླིང་དགོན་གྱི་གནས་རྙིང་ཐོག་ཟླ་སྒྲིལ་གཏོང་བ་དང་།འདུ་ཁང་དང་སྒྲིག་བཀོད་ཚང་མ་ཇོ་མོའི་དགོན་པར་བདག་ཏུ་རེ་རྒྱུའི་གྲོས་བཏོན་གནང་བ་མ་ཟད།ཐར་པ་གླིང་ཞེས་པའི་མཚན་ཡང་གསོལ།

        ▲དགོན་པའི་ཇོ་མོ་རྣམས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ལ་ཞལ་འདེབས་མ་དངུལ་འབུལ་བཞིན་པ།

         འཕགས་པ་ཐར་པ་གླིང་གི་ཇོ་མོས་ཆོས་ཁྲིམས་ནན་གྱིས་སྲུང་ནས་དམ་པའི་ཆོས་ལ་ལེགས་པར་སྦྱང་ལ།དགོན་པའི་སྒྲིག་ཁྲིམས་སྣ་ཚོགས་བརྩི་སྲུང་བྱེད་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་རབ་བྱུང་བ་བཟང་པོ་ཞིག་ལ་འབད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་དགོན་པའི་ཇོ་མོ་ཚོས་དགེ་སྒྲུབ་སྡུག་སྤོངས་ཀྱི་ནང་པའི་ཆོས་ལ་ཉམས་ལེན་བཟང་པོ་བྱེད་བཞིན་ཡོད་པ་མ་ཟད།ཞོར་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་སོགས་ལ་འབད་འབུངས་ཧུར་ཐག་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་པོ་ཆགས་པའི་སྤྱིའི་ལམ་ཕྱོགས་ལ་འབད་པ་ལྷོད་མེད་བྱེད་བཞིན་ཡོད། ལྷག་པར་དུ་དགོན་པའི་ཇོ་མོ་ཚོས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ཀྱི་དོན་ཆེན་ལ་དོ་ཁུར་དང་སྲིད་ཇུས་དང་ཁྲིམས་སྲོལ་ཤེས་རྟོགས་བྱས་ཏེ་སྒྲིག་བཀུར་ཁྲིམས་སྲུང་དང་རྒྱལ་གཅེས་ཆོས་གཅེས་བྱས་ཞིང་།ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བརྟན་རླིང་ལ་མཐའ་གཅིག་ཏུ་འགན་ལེན་བྱས་པའི་དབང་གིས་ཏང་ཨུ་དང་སྲིད་གཞུང་གི་གཟེངས་བསྟོད་དང་སྐུལ་ལྕག་རབ་དང་རིམ་པ་ཐོབ་ཡོད། འཕགས་པ་ཐར་པ་གླིང་ལ་སྔ་རྗེས་སུ་བདེ་ཆེན་ཁུལ་གྱི་2012ལོའི་བོད་བརྒྱུད་ནང་བསྟན་དགོན་པའི་ཞི་མཐུན་དགོན་པ་དང་།2013ལོར་ཡུན་ནན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ཞི་མཐུན་དགོན་པ་གསར་གཏོད་བྱ་འགུལ་གྱི་སྔོན་ཐོན་དགོན་པ།བདེ་ཆེན་ཁུལ་གྱི་2014ལོ་ནས་2016ལོའི་དཔལ་ཡོན་དགོན་པ།འཇོལ་རྫོང་གི་བདེ་འཇགས་འཆམ་མཐུན་དགོན་པ་དང་རྒྱལ་གཅེས་ཁྲིམས་སྲུང་དཔེ་སྟོན་གྲྭ་བཙུན་གསར་གཏོད་བྱ་འགུལ་གྱི་སྔོན་ཐོན་ཚོགས་པ་སོགས་ཀྱི་མཚན་སྙན་ཐོབ་པ་རེད།

▲2021ལོར།དགོན་པའི་ཇོ་མོ་རྣམས་ཀྱིས་ཡུན་ནན་མི་རིགས་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་དང་སློབ་སྦྱོང་བྱས་པ།

        དགོན་པའི་རྟེན་དང་ཤུལ་བཞག་རིག་རྫས་དོ་དམ་ལེགས་པོ་བྱེད་པ།

        གཙང་ཞིང་གསལ་བའི་འདུ་ཁང་།

འཕགས་པ་ཐར་པ་གླིང་དགོན་པའི་འདུ་ཁང་དུ་སྐུ་གསུང་ཐུགས་རྟེན་གྱི་རྩ་ཆེན་ཤུལ་བཞག་རིག་རྫས་མང་པོ་ཡོད།ལྷག་པར་དུ་འདུ་ཁང་གི་ཕྱོགས་བཞིའི་གྱང་ངོས་སུ་ཆིང་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་ཡོད་ལ།འདི་ནི་དགོན་པའི་དམིགས་བསལ་གྱི་རྟེན་རྫས་ཡིན། ལྡེབས་རིས་འདི་དག་གཏེར་རྡོའི་ཚོན་རྫས་ཀྱིས་བྲིས་ཡོད་རྐྱེན།ལོ་བརྒྱ་ཕྲག་འདས་ཀྱང་ཚོན་རིས་སྔར་བཞིན་ཚོན་མདངས་རྣམ་པར་བཀྲ་ལ།མི་སྣའི་གཟུགས་བརྙན་གསོན་ཉམས་ལྡན་པས་རིག་དངོས་དང་སྒྱུ་རྩལ་མྱོང་རོལ་གྱི་རིན་ཐང་ཆེན་མོ་ལྡན།  སྲིད་གཞུང་གི་ཐུགས་ཁུར་དང་གཙིགས་ཆེན་གནང་བ་བརྒྱུད། སྤྱི་ལོ་1987ལོའི་ཟླ12པའི་ཚེས21ཉིན་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐར་པ་གླིང་དགོན་པ་འདི་ཉིད་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་གྱི་ཁོངས་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།

▲དགོན་པའི་རྩ་ཆེའི་ཤུལ་བཞག་རིག་རྫས་ཏེ་ཆིང་རྒྱལ་རབས་སྐབས་ཀྱི་ལྡེབས་རིས།

        དགོན་པའི་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཀྲ་ཤིས་དོན་འགྲུབ་ཀྱིས་དགོན་པའི་ལྡེབས་རིས་འདི་དག་ནི་སྒྱུ་རྩལ་གྱི་རིན་ཐང་ཆེན་མོ་ལྡན་པའི་རྟེན་རྫས་ཁྱད་པར་བ་ཅན་དག་ཡིན་པས།ངེད་དོ་དམ་ཅུས་ཀྱང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་བཞིན་ཡོད། ལྡེབས་རིས་ལ་གས་ཁ་ཤོར་བ་རྣམས་ཞིང་ཆེན་གྱི་ཆེད་ལས་མི་སྣ་ལ་འབྲེལ་གཏུག་ཞུས་ནས་ཅི་ལྟར་སྲུང་སྐྱོང་བྱེད་དགོས་ཚུལ་འདྲི་རྟོགས་དང་ལག་ལེན་བྱས་ལ། དགོན་པའི་མེ་ཟོན་བདེ་འཇགས་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་ཀྱང་ལེགས་སུ་བཏང་ཡོད། དཔེར་ན་མཆོད་མེ་སོགས་སྒྲོན་སྐབས་མེ་འགོག་སྒྲོམ་བུ་སོགས་བཟོས་ནས་མཆོད་མེའི་དུ་བ་ཡིས་ལྡེབས་རིས་ཇེ་ནག་ཏུ་མི་གཏོང་བ་དང་།དགོན་པའི་མེ་སྐྱོན་སྔོན་འགོག་སོགས་ཀྱི་ཐད་ཧུར་བརྩོན་བྱས་ནས་གྲྭ་དམངས་མཉམ་འབྲེལ་གྱིས་རྩ་ཆེན་ཤུལ་བཞག་རྟེན་རྫས་ལ་སྲུང་སྐྱོང་གང་ལེགས་བྱེད་བཞིན་ཡོད་ཅེས་བཤད་པ་རེད།