ཀླུ་རྒྱལ་ཚེ་རིང་གི་དེབ་གསར་ཞིག་དཔེ་སྐྲུན་འགྲེམ་སྤེལ་བྱས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-14   རྩོམ་ཁུངས།    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

图片

    ཉེ་ཆར། ཀླུ་རྒྱལ་ཚེ་རིང་གིས་བརྩམས་པའི་༼བོད་ཀྱི་མནའ་ཚིག་རིག་གནས་ཞིབ་འཇུག་ཁ་ཞེ་གཉིས་བྲལ༽ཞེས་པའི་དེབ་གསར་འདི་ཉིད་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

    ཐོག་མའི་གཏམ།

    ཡ་རབས་དཔྱོད་ལྡན་རྣམས་ཀྱིས་སྲོག་ནི་གཏོང་གི་དམ་བཅའ་མིན་པ་ལུང་རྟོགས་ཀྱི་ཡོན་ཏན་མཐོ་བའི་རྟགས་སུ་མངོན་ལ། སོ་སྐྱེ་ཕལ་བ་རྣམས་ཀྱིས་ཀྱང་མནའ་སྐྱེལ་ཁས་བླངས་ཀྱི་དོན་བྱའི་ཆེད་དུ་སྲོག་ནི་གཏོང་མི་ཕོད་ཀྱང་། མ་མཐའ་ཡང་གང་མཐོང་ཅི་འདོད་དང་། གང་ཐོས་ཅི་དྲན་ཐམས་ཅད་ཐོལ་གྱིས་སྨྲ་ཞིང་འུད་ཀྱིས་སྒྲུབ་མི་རིགས་པ་ནི་འཇིག་རྟེན་སྤྱི་ལྡོག་གི་ལུགས་དང་ཡོངས་སུ་མཐུན་པར་མ་ཟད། ཡུལ་དུས་ཀྱི་གནས་ཚོད་ལ་འགྱུར་ལྡོག་ཇི་འདྲ་ཞིག་བྱུང་ཡང་། ཅི་ཐུབ་ཀྱིས་བཤད་པ་དོན་དུ་སྦྱོར་བར་འབད་ཅིང་མངོན་དུ་འགྱུར་བ་དམིགས་སུ་བཟུང་སྟེ། རང་ཉིད་ཁ་ཞེ་གཉིས་བྲལ་གྱི་སྤྱི་ཚོགས་ཀྱི་ཁོངས་མི་ལེགས་པོ་ཞིག་ཏུ་འགྱུར་བ་གནད་དུ་འཛིན་རྒྱུ་ནི་གནའ་དེང་ཕྱི་ནང་གང་ཡིན་ཡང་ཤིན་ཏུ་ནས་གལ་ཆེ་བར་སེམས་སོ། །

    དེ་ཡང་ཕྱིའི་ཟང་ཟིང་དངོས་པོའི་ལོངས་སྤྱོད་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་ཉིན་རེར་མང་ནས་མང་དུ་འཕེལ་ཞིང་། དེ་སྔོན་མཐོང་ཐོས་མ་མྱོང་བའི་ཚན་རིག་གི་གྲུབ་འབྲས་གང་མང་བོ་ཀུན་གྱི་དབང་བོའི་སྤྱོད་ཡུལ་དུ་གྱུར་དང་འགྱུར་བཞིན་པའི་གནས་བབ་འདི་ནི། འཇིག་རྟེན་བྱེད་པོས་མི་ཡུལ་གྱི་སྐྱེ་འགྲོ་ཀུན་ལ་ཕངས་མེད་དུ་གནང་བའི་རིན་ཆེན་ཟེགས་མ་ལྟ་བུར་སྣང་བའི་འདོད་གཏམ་སྨྲས་ན། དོན་གཉེར་ཅན་རྣམས་ལ་ཚད་མ་ཡིན་མིན་གྱི་བློ་རིག་གིས་དཔྱད་པ་མང་དུ་ཡོད་པས་འཐད་པར་དཀའ་ཞིང་། དབང་བོ་རྟུལ་བོ་རྣམས་དང་སྐྱེས་བུ་ཐ་མལ་བའི་བརྩོན་བྱ་སྟེ། ཚེ་འདིར་རང་དང་ཉེ་འཁོར་ཙམ་པོའི་ཟས་གོས་གནས་མལ་ཙམ་གྱི་དམིགས་པའི་ངོས་ནས་བཤད་ན། ཚིག་སྒྲོས་ཕལ་བའི་བློ་ངོར་ཁས་ལེན་དགོས་པའི་གནས་ཚོད་ཀྱང་བདེན་ཐུབ་རང་དུ་འདུག ཡིན་ན་ཡང་། ཉེ་བའི་ལོ་འགའི་ནང་ས་སྒང་འདིར་བྱུང་དང་འབྱུང་བཞིན་པའི་དོན་རྐྱེན་ཆེ་ཕྲ་གང་ཡིན་དང་སྦྲེལ་ཏེ་དཔྱད་ན། འདི་དག་གི་འབྱུང་རྩའང་མཐར་གཏུགས་ན་འདོད་ཆུང་ཆོག་ཤེས་བྲལ་ཞིང་། ཁ་དན་ཚིག་ལ་མི་གནས་པ། ཡང་ན་འགྲན་རྩོད་ཧམ་སེམས་གྱིས་བརླམས་པའི་སྤྱོད་ལམ་ངན་པའི་འབྲས་བུ་ཉིད་ལས་རྒྱུ་གཞན་པ་གང་ལས་བྱུང་བ་མིན་ཕྱིར། དོན་གྱི་གཞི་རྩ་ནི་ད་ནས་བཟུང་ལས་ཆེ་ཆུང་གང་ལ་འཇུག་ཀྱང་། ཁ་བཤད་ཚིག་རིས་ཙམ་པོའི་གནས་ནས་མ་ལུས་པར་ལུས་སེམས་ལས་སུ་སྦྱོར་ཐུབ་པའི་བསམ་སྤྱོད་ཀྱི་རྣམ་གཞག་རྣལ་མོས་རང་གཞན་ཀུན་ལ་དོན་མཐུན་གྱིས་བརྩི་བཀུར་དང་། རང་གི་དགོས་འདོད་ཕྲ་མོའི་ཆེད་མིག་ཟིན་ལག་ཟིན་ཐམས་ཅད་ཤ་གཟུག་ཟ་རྐྱང་རང་དུ་མི་ལེན་པར་བློ་དང་རིག་པའི་བསམ་སྤྱོད་དྲང་མོ་འོས་མཐུན་དོན་ལྡན་གྱི་ལས་སུ་སྦྱོར་ཞིང་བརྩོན་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་བདེན་པར་གྲུབ་ན། བཤད་པ་དོན་འཁྱོལ་གྱི་དངོས་རྒྱུ་ལྟ་བུར་གྱུར་བའི་བོད་ཀྱི་མནའ་སྐྱེལ་དམ་བཅའ་འཇོག་པའི་རིག་སྲོལ་འདིའང་དེ་འདྲའི་ཁ་ཞེ་གཉིས་བྲལ་ལམ་བདེ་ལྡན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཕན་ཆེ་བ་དངོས་དོན་གང་མང་གིས་ར་སྤྲོད་ཐུབ་པ་ལྟར་ལགས་སོ། །

    ཞིབ་འཇུག་པ་རྣམས་ཀྱིས་རང་བྱུང་ཁོར་ཡུག་དང་མིའི་རིགས་བར་གྱི་འབྲེལ་བར་འཕེལ་རིམ་ཆེན་པོ་གསུམ་བརྒྱུད་མྱོང་བར་བཤད་ཅིང་། དེ་ལས་དང་པོ་ནི་རང་བྱུང་ཁོར་ཡུག་ལ་བརྩི་བཀུར་དད་མོས་བྱེད་པའི་སྐབས་དང་། གཉིས་པ་ནི་གཉིས་ཀ་འདྲ་མཉམ་དུ་བལྟ་བའི་དུས་སྐབས། གསུམ་པ་ནི་མིའི་རིགས་ཀྱི་བློ་སྟོབས་ཀྱིས་རང་བྱུང་ཁམས་ལ་རང་འདོད་ཀྱིས་ཁ་ལོ་བྱེད་ཆོག་པའི་དུས་སྐབས་ཡིན་ཞེས་བཤད། ཡང་གཅིག་བཤད་ན། རང་བྱུང་ཁོར་ཡུག་ནི་ཡུལ་དང་། མིའི་རིགས་ནི་ཡུལ་ཅན་ཡིན་པ་དང་། མནའ་ཚིག་གིས་མཚོན་གནས་སྐབས་སོ་སོར་བྱུང་བའི་རིག་གནས་ཐམས་ཅད་འདི་གཉིས་ཀའི་འགལ་འདུའི་འཕེལ་རིམ་ལས་རིམ་གྱིས་བྱུང་ཞིང་འཕེལ་རྒྱས་སུ་སོང་བར་བརྗོད། དེ་ལྟར་ན། མི་དང་རང་བྱུང་བར་གྱི་འགལ་འདུ་མེད་ན་རིག་གནས་མེད་ཅིང་། རིག་གནས་མེད་ན་འཕེལ་རྒྱས་མེད་པ་ཞིག་ཏུ་འགྲོ་བར་མངོན་པས། རང་བྱུང་ཁོར་ཡུག་ལས་ཅི་འདོད་པ་ཐམས་ཅད་གང་འདོད་ཀྱིས་བླངས་ཆོག་པ་ཞིག་ཏུ་ཟད་མོད་དེ་ལྟ་མིན། དུས་རབས་རིམ་བརྒྱུད་དུ་བྱུང་ཞིང་འཕེལ་བའི་བོད་ཀྱི་མནའ་ཚིག་དག་གི་བསྟན་དོན་ནམ་དོན་སྙིང་གང་འདྲ་ཡིན་ཚུལ་ཡང་འདི་འདྲའི་འབྲེལ་བར་སྦྱར་ཏེ་དཔྱད་ན་ང་ཚོར་བློ་བསྐྱེད་གང་མང་ངང་གིས་ཐོབ་ཐུབ་པར་གདོན་མི་ཟའོ། །

    དེ་བས་མནའ་ཚིག་གིས་མཚོན་པའི་རང་རེའི་སྲོལ་རྒྱུན་རིག་གནས་ཀྱི་བཅུད་རྣམས། ད་ལྟའི་དུས་འདིར་ཚུལ་ཇི་ལྟར་རྒྱུད་འཛིན་དང་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་བདེན་དོན་རྣལ་མའམ་ལམ་སྣ་ཡང་དག་པ་ཞིག་འཚོལ་ཞེ་ན། གྱི་ན་བའི་སེམས་པར། འཇིག་རྟེན་གྱི་བྱ་བ་གང་དང་གང་ཡིན་ཡང་། དེའི་བཟང་ངན་ནམ་རིན་ཐང་ཡོད་མིན་ཐམས་ཅད་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་པ་ལས། རྣམ་པ་ཐམས་ཅད་དུ་གྲུབ་པའམ་གཏན་ཚིག་གི་ལམ་ནས་ཐག་བཅད་རུང་བ་ཞིག་རྙེད་མི་སྲིད་པས། འདི་འདྲའི་གནས་ཚུལ་དག་གནད་དོན་རང་སྟེང་ནས་དཔྱད་པར་ཏན་ཏིག་ལྷས་ཐིངས་ཚད་མའི་ངེས་འདྲོངས་ཤིག་ནམ་ཡང་འབྱུང་དཀའ། དེའི་ཕྱིར་གནད་དོན་འདི་རིགས་ཀྱི་འབྱུང་རྐྱེན་གཙོ་བོ་སྟེ། མིའི་བསམ་སྦྱོར་རམ་ལས་དང་འབྲས་བུ་སོགས་ཀྱི་ཐད་ནས་དཔྱད་པ་ན། དོན་མི་ཉུང་བ་ཞིག་གི་ལམ་ཁ་ནམ་ལངས་པ་ན་ཉི་མ་ཤར་བ་ལྟར་གསལ་ལྷང་ངེར་འགྱུར། དེ་ཡང་རྒྱལ་སྲས་ཞི་བ་ལྷས། ཀུན་ནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་བོ་དམ་བཏགས་ན། །ཞེས་དང་། །དེ་ལྟར་འཇིག་རྟེན་གསུམ་པོ་ན། །སེམས་ལས་འཇིགས་པ་གཞན་འགའ་མེད། །ཅེས་གསུངས་པ་བཞིན། ལྡོག་མེད་ཐོལ་གྱིས་བྱུང་བའི་དོན་རྐྱེན་གང་མང་གི་འབྱུང་རྐྱེན་ནི་རང་བྱུང་ཁོར་ཡུག་དང་། རིག་གནས་ཀྱི་ཐོན་ཁུངས་མང་བོ་ཅི་འདོད་བག་མེད་དུ་སྤྱད་པའི་འབྲས་བུར་མངོན་ཞིང་། དེ་འདྲའི་བྱེད་ལས་ཀྱི་སྒུལ་ཤུགས་གཙོ་བོ་ནི་མིའི་རིགས་ཀྱི་རང་དོན་འབའ་ཞིག་གཉེར་འདོད་ཀྱི་ཆགས་སྲེད་དང་ཧམ་སེམས། ཁ་བཤད་དོན་དུ་མི་གནས་པའི་གནད་ཀ་སོགས་ལ་རག་ལས་པས། ཐོག་མར་འདོད་ཆུང་ཆོག་ཤེས་ཀྱི་རིན་ཆེན་སྣ་ཐག་གིས་རང་སེམས་གླང་སྨྱོན་དམ་དུ་འདོགས་དགོས་ཤིང་། བར་དུ་ཁ་དན་ཚིག་ལ་གནས་བར་བརྩོན་ཏེ་ཕན་ཚུན་ལ་ཡིད་རྟོན་འཕེར་ཆོག་པའི་བདེ་ལྡན་བག་ཡངས་ཀྱི་ཁོར་ཡུག་བསྐྲུན་ཅིང་། ཐ་མར་དེ་ལྟར་བསྒྲུབ་པར་འབད་ཅིང་དངོས་གནས་དོན་འཁྱོལ་ཐུབ་པའི་ལས་སུ་གཞོལ་ཅི་ཐུབ་བྱས་ན། ཅི་ནས་ཀྱང་མི་ཕན་ཚུན་བར་ལ་དོན་མེད་ལས་ཀྱི་སྡུག་བསྔལ་འབྱུང་མི་སྲིད་པར་མ་ཟད། གཞི་ནས་ཁ་ཞེ་གཉིས་བྲལ་གྱིས་དུས་མཐུན་ལས་ལ་མཉམ་དུ་བརྩོན་ཐུབ་པར་ཡིད་རྟོན་བྱས་ཆོག་གོ ། 

图片


    ཀླུ་རྒྱལ་ཚེ་རིང་།  ༡༩༧༦ལོར་མཚོ་སྔོན་ཞུན་ཧྭ་རྫོང་དུ་སྐྱེས།  ༢༠༠༣ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་བརྡ་རྙིང་ཆེད་ལས་ཀྱི་རབ་འབྱམས་པའི་མིང་བཏགས་བླངས།  ལོ་དེའི་ཟླ་བདུན་པ་ནས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་རུ་དགེ་རྒན་གྱི་བྱ་བ་གཉེར་། ༢༠༠༩ལོར་སློབ་གྲྭ་དེ་གའི་མི་རིགས་རིག་པའི་ཆེད་ལས་ཀྱི་འབུམ་རམས་པའི་མིང་བཏགས་བླངས། སྔ་གཞུག་ཏུ་《ཀྲུང་གོའི་བོད་རིག་པ》 《བོད་ལྗོངས་ཞིབ་འཇུག》《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》《ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་》《མཚོ་སྔོན་སྤྱི་ཚོགས་ཚན་རིག》 སོགས་ཀྱི་སྟེང་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་《ཚད་མ་རིག་པ་དང་ནང་དོན་རིག་པའི་འབྲེལ་བའི་སྐོར་གླེང་བ》《མདོ་སྨད་རེབ་གོང་སྒྱུ་རྩལ་གྱི་བྱུང་རིམ་དང་སྤྱི་ཚོགས་་ཕན་ཡོན་སྐོར་ཀྱི་དཔྱད་བརྗོད》 སོགས་བོད་རིག་པའི་སྐོར་གྱི་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ་བ་དང་། 《བོད་ཀྱི་ཡིག་རྙིང་ཞིབ་འཇུག》《བོད་ཀྱི་རིག་གནས་གཙུག་ལག་ནོར་བུའི་ཕྲེང་བ》《བོད་ཀྱི་མནའ་ཚིག་རིག་གནས་ཞིབ་འཇུག་ཁ་ཞེ་གཉིས་བྲལ》《མིའི་རིགས་རིག་པའི་གཞུང་དོན་དང་ཐབས་ལམ་སྤྱི་བཤད》སོགས་དཔེ་དེབ་ལྔ་ལྷག་དཔར་འདོན་བྱས་དང་བྱེད་མུས་ཡོད།