གོང་དཀྲིས་དང་སྒྲུང་གཏམ། ༼གཏམ་རྒྱུད་ཐུང་ཡང་གནས་ལུགས་ཟབ།༽

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-03-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཨ་མེ་རི་ཁ་ན་གོང་དཀྲིས་སྣ་འཛོམས་བཙོང་སའི་ཚོང་ཁང་གྲགས་ཆེ་བ་ཞིག་ཡོད།  གྲོང་ཁྱེར་དེའི་གོང་དཀྲིས་བཅིངས་མཁན་གྱི་ཁྲོད་ནས་བརྒྱ་ཆའི་དགུ་ཅུ་ཡན་ནི་ཚོང་ཁང་དེ་ནསབཙོང་བ་རེད།  ཚོང་ཁང་དེའི་སྦྱིན་བདག་གིས་ཨ་རིའི་རྩོམ་པ་པོ་གྲགས་ཅན་ཧའེ་མེན་ཝུའེ་ཡང་ཚོང་ཁང་དེའི་ཚོང་མགྲོན་དུ་འགྱུར་བའི་རེ་བ་བཅངས་ན་ཡང་།    རྩོམ་པ་པོ་གྲགས་ཅན་ཧའེ་མེན་ཝུའེ་ལ་གོང་དཀྲིས་བཅངས་པའི་གོམས་གཤིས་མེད་ཅིང་ཚོང་ཁང་དེའི་ནང་དུའང་སོང་མ་མྱོང་། 

     བསམ་བློ་ཡང་ཡང་བཏང་རྗེས།  སྦྱིན་བདག་དེས་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གྱི་སྔ་ནུབ་ཏུ་རང་འགུལ་ངང་ཧའེ་མིང་ཝུའེ་ལ་སྤུས་ལེགས་ཤིང་ཡིད་དུ་འོང་བའི་གོང་དཀྲིས་ཤིག་བསྐུར་ཞིང་ཞོར་དུ་འཕྲིན་ཡིག་ཅིག་གི་ནང་ལ།  གུས་པར་འོས་པའི་སྐུ་ཞབས་ཧའེ་མེན་ཝུའེ་ལགས།   གོང་དཀྲིས་འདི་ནི་ཤིན་ཏུ་ཉོ་རྒྱུག་ཆེ་ཞིང་ཚོང་མགྲོན་ཚོས་དགའ་མོས་བྱེད་པའི་དངོས་པོ་ཞིག་ཡིན།  སྐུ་ཉིད་ཀྱི་ལྟ་ཚུལ་ཡང་གཞན་དང་གཅིག་པ་ཡིན་ནམ།  ང་ཚོས་ལྷག་བསམ་རྣམ་དག་གི་སྒོ་ནས་སྐུ་ཉིད་ཀྱིས་གོང་དཀྲིས་འདི་ལ་རིན་པ་ཨ་སྒོར་གཉིས་སྟེར་བར་རེ་སྒུག་གནང་ཡོད་ཅེས་བྲིས་ནས་བསྐུར། 

     ཀུ་རེ་དང་འདྲ་ལ་ཡང་ཀུ་རེ་དང་མ་འདྲ་བའི་འཕྲིན་ཡིག་གི་ནང་དོན་ཅི་ལྟར་ཐག་གཅོད་དམ།    རྣམ་འགྱུར་དྲང་མོའི་ངང་ནས་ཨ་སྒོར་གཉིས་བསྐུར་ན་ཁོ་ཚོའི་གཡོ་འོག་ཏུ་ཚུད་ཉེན་ཆེ་བ་དང་།   ཡང་ཁ་ཡ་མ་བྱས་ན་འོས་མོ་ཞིག་མིན་འདུག   ཐབས་དང་ཤེས་རབ་ལྡན་པའི་ཧའེ་མེན་ཝུའེ་ཡིས་བསམ་བློ་ཞིབ་མོ་ཞིག་བཏང་ནས་ཚོང་ཁང་གི་སྦྱིན་བདག་ལ་འཕྲིན་ལན་སློག་མགོ་བརྩམས། 

     ཉིན་འགའི་རྗེས་ནས་ཚོང་ཁང་དེའི་སྦྱིན་བདག་ལ་ཧའེ་མེན་ཝུའེ་ཡིས་བསྐུར་བའི་འཕྲིན་ཡིག་དང་ད་དུང་ཐུམ་སྒྲིལ་ཞིག་འབྱོར་བ་དང་།   སྦྱིན་བདག་གིས་ཁ་ཕྱེས་ནས་བལྟ་དུས།    ཐུམ་སྒྲིལ་ནང་དུ་ཧའེ་མེན་ཝུའེ་ཡིས་ད་སོ་མ་པར་དུ་བསྐྲུན་མ་ཐག་པའི་བརྩམས་སྒྲུང་གི་དཔེ་ཆ་གཅིག་བཞག་ཡོད།    འཕྲིན་ཡིག་གི་ནང་དུ།   གུས་པར་འོས་པའི་གོང་དཀྲིས་ཀྱི་སྦྱིན་བདག་ཆེན་མོ་ལགས།   མི་རྣམས་ནི་ངའི་བརྩམས་སྒྲུང་ཀློག་པར་ཤིན་ཏུ་དགའ་བོ་ཡོད།   ངས་རེ་བ་ཡིན་ན་སྐུ་ཉིད་ཀྱང་ངའི་ཀློག་པ་པོར་འགྱུར་བ་དང་།  དེར་མ་ཟད་དཔེ་ཆ་འདི་ཉོ་བར་འཚལ།   བརྩམས་སྒྲུང་དཔེ་དེབ་འདིའི་རིན་གོང་ལ་ཨ་སྒོར་གཉིས་དང་སྐར་མ་བརྒྱད་ཅུ་ཡིན།   ཁྱོད་ཀྱིས་གོང་དཀྲིས་ཀྱི་རིན་པ་བཅག་རྗེས་ལྷག་མའི་སྐར་མ་བརྒྱད་ཅུ་དེ་བདག་ལ་བསྐུར་རྒྱུའི་རེ་བ་ཡོད་ཅེས་བྲིས་འདུག


     དོན་དངོས་ཐོག     གླེན་པ་ཚོས་རང་ཉིད་ནི་ནམ་ཡང་གཞན་ལས་སྤྱང་གྲུང་ལྡན་པ་ཞིག་ཡིན་པར་འདོད་ཡོད།   གྲུམ་འདོག་སྟོན་པའམ་གཡོ་སྒྱུ་བཅངས་པ་ནི་ཁོ་ཚོའི་ཆེས་རྒྱུན་སྤྱོད་ཀྱི་རྣམ་པ་ཞིག་ཡིན།    གླེན་པའི་བྱ་སྤྱོད་དང་ཐབས་ཤེས་དེ་དག་ཕྱིར་ཁོ་ཚོ་རང་སྟེང་དུ་བཀོལ་བ་ཡིན་ན།   ང་རང་ཚོས་གྱོང་གུད་མི་རེག་པ་མ་ཟད།   ད་དུང་གླེན་པ་དེ་དག་ཅི་བྱ་གཏོལ་མེད་དུ་བཟོ་ཐུབ།