ས་སྐྱ་དགོན་གྱི་གནའ་གཞུང་གློག་རྡུལ་ཉར་ཚགས་ཀྱི་གནས་ཚུལ་གསར་ཤོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-08   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

   ཉེ་སྔོན། གསར་འགོད་པས་བོད་ལྗོངས་ས་སྐྱ་དགོན་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་2011ལོར་དགོན་སྡེ་དེས་གནའ་གཞུང་གྲངས་གཞི་ཅན་གྱི་གློག་རྡུལ་འདྲ་བཤུའི་ལས་དོན་སྤེལ་འགོ་ཚུགས་པ་དང་། མིག་སྔར་དགོན་སྡེ་ཡོངས་ཀྱི་གནའ་དཔེ་20%ལ་ཤོག་ངོས་རེ་རེ་བཞིན་གློག་རྡུལ་གྱིས་འདྲ་བཤུས་བྱས་པ་དང་། དེ་བྱིངས་ཁག་གཅིག་གློག་རྡུལ་གྱིས་འདྲ་བཤུ་བྱེད་པའི་མ་དངུལ་བརྩོན་ལེན་ཧུར་ཐག་བྱེད་བཞིན་ཡོད་པ་རེད།

     ས་སྐྱ་དགོན་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བློ་གྲོས་རྒྱ་མཚོས་ས་སྐྱ་དགོན་ལ“ཏུན་ཧོང་གཉིས་པ”ཞེས་བརྗོད་ཀྱི་ཡོད། སྤྱི་ལོ་2002ལོར་ལས་འགོ་ཚུགས་པའི་བོད་ཀྱི་རིག་དངོས་ཉམས་གསོའི་ལས་གྲྭ་ཆེན་པོ་གསུམ་ནི་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག ས་སྐྱ་དགོན་བཅས་རེད། ས་སྐྱ་དགོན་དུ་ད་ཆ་དཔེ་ཆ་ཁྲི་5ལྷག་ཙམ་ཡོད་པའི་ནང་ཤིང་ཏ་ལའི་ལོ་མའི་དཔེ་ཆ་21ཡོད་པ་དང་། ཤིང་ཏ་ལའི་ལོ་མའི་དཔེ་ཆ་དེ་སྤྱི་ལོའི་དུས་རབས་13པར་ཁུངས་འདེད་ཆོག་པ་རེད། སྤྱི་ལོ་2020ལོར་སླེབས་སྐབས་ས་སྐྱ་དགོན་གྱིས་དགོན་སྡེའི་ནང་གི་དཔེ་ཆ་དང་གནའ་གཞུང་གི་དཀར་ཆག་ཚང་མ་བཟོས་ཟིན་པ་དང་། འདུ་ཁང་ཆེན་མོའི་དཔེ་ཆའི་གྱང་ཕུད་དཔེ་རྙིང་ཚང་མ་རེ་རེ་བཞིན་གློག་རྡུལ་གྱིས་འདྲ་བཤུ་བྱས་ནས་ཁྲི་1ལྷག་ཙམ་ཟིན་ཡོད་ཅེས་གསུངས་པ་དང་། 

     ཁོང་གིས་གནའ་གཞུང་གྲངས་གཞི་ཅན་གྱི་གློག་རྡུལ་འདྲ་བཤུ་བྱེད་པ་དེ་ས་སྐྱ་དགོན་གྱི་དོ་དམ་ཨུ་ལྷན་གྱིས་བཏོན་པ་དང་འབྲེལ་ལག་ལེན་བསྟར་ནས། འདྲ་བཤུ་བྱེད་པ་དང་དཀར་ཆག་བཟོ་བ། ཡིག་ཚགས་ནང་འཇུག་པ་བཅས་བརྒྱུད་རིམ་ཧྲིལ་པོ་དགོན་སྡེའི་དགེ་འདུན་པ་ཚོས་རང་ཚུགས་ངང་ལེགས་སྒྲུབ་བྱས་ཡོད་ཅེས་གསུངས་པ་རེད། 

     བློ་གྲོས་རྒྱ་མཚོ་ཡིས་གནའ་གཞུང་དང་ཚད་ལྡན་ཡིག་ཆ་འབོར་ཆེན་དེ་དག་ཆབ་སྲིད་དང་སྤྱི་ཚོགས། ལོ་རྒྱུས། བཅའ་ཁྲིམས། ཆོས་ལུགས། གནམ་དཔྱད། སྐར་རྩིས། གསོ་རིག་སོགས་མི་ཆོས་དང་རང་བྱུང་ཚན་རིག་སོགས་དང་འབྲེལ་བ་ཡོད་པ་དང་། གྲངས་གཞི་ཅན་ནི་གནའ་གཞུང་ལ་སླར་གསོའི་རང་བཞིན་གྱི་སྲུང་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། མིག་སྔར་གྲངས་གཞིའི་མཛོད་དང་ནང་དོན་ཆ་ཚང་གི་གྲངས་གཞིའི་མཛོད་རགས་ཙམ་གྲུབ་ཡོད། གོམ་སྟབས་རྗེས་མར་དཀའ་ཁག་ཆེ་ཤོས་ཀྱི་དཔེ་ཆའི་གྱང་གི་གནའ་གཞུང་གྲངས་འཛིན་ཅན་གྱི་གློག་རྡུལ་འདྲ་བཤུ་ལས་དོན་སྔ་ཙམ་སྤེལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།