མྱུར་བགྲོད་ལྕགས་ལམ་གྱིས་བསྐྲུན་པའི་ཕན་བདེ།

རྩོམ་པ་པོ།   ཚེ་རིང་དོན་འགྲུབ།  ཡིག་བསྒྱུར།       དུས་ཚོད།   2022-03-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཉེ་བའི་ཉིན་ཤས་རིང་ལ།  ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་ད་ལོར་ཤར་གཏོང་ཐུབ་རྒྱུའི་གནས་ཚུལ་གོ་ཐོས་བྱུང་བས་རང་གི་སེམས་ལ་དགའ་སྤྲོ་སྨྲ་མི་ཤེས་པ་ཞིག་སྐྱེས་ཤིང་།  བདེ་ཆེན་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་ཀྱང་འགྲིམ་འགྲུལ་གྱི་ལས་གྲྭ་ཆེན་པོ་འདི་གང་མགྱོགས་ཀྱིས་ལེགས་འགྲུབ་བྱུང་བར་ཡུན་རིང་རེ་སྒུག་བྱས་ཡོད།  ཏག་ཏག་ཉིན་འགའི་སྔོན་ལ་ང་ཡང་ས་དམ་ནས་ཁུན་མིང་བར་བསྐྱོད་པའི་མྱུར་བགྲོད་མེ་འཁོར་ལ་ཐེངས་དང་པོར་སྡོད་པའི་གོ་སྐབས་བྱུང་ཞིང་།   དེའི་རིང་གི་སེམས་འདུན་དག་འགོག་མེད་དུ་ལྷན་རྒྱས་ལ་སྨྲ་བའི་སྤྲོ་བ་སྐྱེས།  

     སེམས་ཀྱི་ཉི་ཟླ་ནས་ས་དམ་བར་སྔར་ཡིན་ན་མྱུར་བགྲོད་གཞུང་ལམ་མེད་པས་རླངས་འཁོར་ལ་སྡོད་ན་ཆུ་ཚོད་བཞིའི་རིང་གི་འགྲུལ་བཞུད་ཀྱི་དུས་ཚོད་དགོས་པ་དང་།  སེམས་ཀྱི་ཉི་ཟླ་ནས་ཁུན་མིང་གྲོང་ཁྱེར་བར་ཆུ་ཚོད་བཅུ་ཡས་མས་ཀྱི་དུས་ཚོད་དགོས། ད་ནི་མྱུར་བགྲོད་གཞུང་ལམ་ལེགས་འགྲུབ་བྱུང་ཟིན་པས་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་རླངས་འཁོར་བཏང་ན་ཆུ་ཚོད་གཅིག་དང་ཕྱེད་ཀས་སླེབས་ཐུབ། ས་དམ་མེ་འཁོར་འབབ་ཚུགས་ནས་ཁུན་མིང་གྲོང་ཁྱེར་བར་མྱུར་བགྲོད་མེ་འཁོར་བསྡད་ན་ཆུ་ཚོད་གསུམ་དང་ཕྱེད་ཀས་ཐོན་ཐུབ་ཅིང་།   དུས་ཚོད་རེར་སྤྱི་ལེ་ཉིས་བརྒྱ་ཡས་མས་ཀྱི་མགྱོགས་ཚད་ལྟར་བསྐྱོད་ཀྱི་ཡོད།  རིན་གོང་ཡང་མི་རེར་སྒོར་མོ་ཉིས་བརྒྱ་ཙམ་གྱིས་ཆོག་པས་དངོས་དོན་ཐོག་ནས་མི་སེར་ཀུན་ལ་སྟབས་བདེ་ཅི་རིགས་བསྐྲུན་ཡོད། 

 བདེ་ཆེན་མཐོ་སྒང་དུ་དགུན་གྱི་རྣམ་པ་ལྟ་བུར་མངོན་ནས་གང་སར་ཁ་བ་མཐོང་ཡང་།   ཏཱ་ལི་དང་ཁུན་མིང་ས་ཆར་དབྱར་གྱི་རྣམ་པར་མངོན་ནས་ནམ་ཟླ་དྲོ་བ་མ་ཟད།   ལམ་བར་གང་རུང་དུ་ཞིང་ཁའི་ལོ་ཏོག་སྔོ་ལྗང་སེར་སྐྱེས་ཤིང་།    ཤིང་སྡོང་གི་རྩེ་ལ་མེ་ཏོག་གི་ཞལ་ཁ་ཕྱེས་ཡོད་པ་མཐོང་ཐུབ།  

  ས་དམ་ནས་ཁུན་མིང་དུ་བསྐྱོད་པའི་མྱུར་བགྲོད་མེ་འཁོར་ནང་གཙང་ཞིང་གྲལ་དག་ལ།  བདེ་འཇགས་ཡིན་པ་མ་ཟད་ཟས་ཆུ་མཁོ་འདོན་བྱེད་པས་ཞབས་ཞུའི་རྣམ་འགྱུར་ཡང་ཤིན་ཏུ་བཟང་།   ལམ་བར་ནས་ས་དམ་གྱི་ཡུས་ལུང་གངས་རི་དང་། ཏཱ་ལིའི་མཚོ་ཁ།  པད་ཁའི་མེ་ཏོག   པའེ་རིགས་ཀྱི་ཁང་བའི་འཛུགས་སྐྲུན་སོགས་མིག་གི་མཐོང་ཡུལ་དུ་མངོན་ནས་སེམས་ལ་དགའ་བ་སྣ་ཚོགས་བསྐྱེད།  མི་རྣམས་ཀྱིས་ཀྱང་ལ་ལས་སྒེའུ་ཁུང་ཕྱི་རོལ་གྱི་ཡུལ་ལྗོངས་ལ་གཟིགས་པ་དང་།   ལ་ལས་དཔེ་ཆར་བལྟ་བ།   ལ་ལས་ཁ་པར་རྩེད་བ།  ལ་ལ་གཉིད་དུ་ཡུར་བ་སོགས་བག་ཕེབས་པའི་རྣམ་པ་ཞིག་ཧལ་གིས་འཁེངས་འདུག     བདག་གིས་ཏཱ་ལིས་ཧོ་ཆེན་ནས་ཡིན་པའི་སྐྱེས་མ་ཞིག་དང་ཁ་བརྡ་གློད་དུས།  ཁོ་མོ་ནི་རྒྱུན་པར་མྱུར་བགྲོད་མེ་འཁོར་བསྡད་ནས་ཁུན་མིང་དུ་ཚོང་ཟོག་ཉོ་བར་འགྲོ་བ་དང་།  ནད་ལ་བརྟགས་པ།  སྲོག་ཆགས་གླིང་གར་ལྟད་མོར་བལྟ་བ།  དཔེ་ཆ་ཀློག་པ་སོགས་འགྲོ་འོང་བྱེད་ཀྱི་ཡོད་པ་ཤེས།   ཁོ་མོས་དེ་རིང་ཆེད་དུ་ཁུན་མིང་ལ་སྐྲ་ལས་མཛེས་བཟོ་བྱེད་པར་འགྲོ་བ་དང་ཕྱི་དྲོའི་དུས་ལ་སླར་ཡང་མེ་འཁོར་བསྡད་ནས་རང་ཡུལ་དུ་ལོག་རྒྱུ་ཡིན།  མྱུར་བགྲོད་མེ་འཁོར་ཤིན་ཏུ་སྟབས་བདེ་བོ་འདུག་ཅེས་བཤད་བྱུང་།  

   རྒྱལ་ཁབ་ཀྱི་མ་དངུལ་རོགས་སྐྱོར་དང་།  ལྕགས་ལམ་ལག་རྩལ་མི་སྣའི་འབད་འབུངས་འོག་ལག་རྩལ་གྱི་དཀའ་གནད་རེ་རེ་སེལ་ནས་རྒྱ་ཆེའི་མང་ཚོགས་ལ་ཕན་བདེ་བསྐྲུན་ཡོད་ཅིང་།   སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་ལྕགས་ལམ་ལེགས་འགྲུབ་བྱུང་ན་སེམས་ཀྱི་ཉི་ཟླ་ནས་ཁུན་མིང་བར་ཉིན་གཅིག་ནང་ཕྱི་འོང་བྱེད་དགོས་ཀྱང་མི་ཆོག་པ་མེད་པས་འགྲིམ་འགྲུལ་འཕེལ་རྒྱས་ཀྱིས་རྨི་ལམ་མིན་པར་མངོན་སུམ་གྱི་འགྱུར་ལྡོག་དང་བདེ་སྣང་བསྩལ་ཡོང་འདུག

      སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ན་བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་འབྱུང་སྲིད་ཅིང་།   ཡུལ་མི་ཚོའི་འཚོ་བའི་ཕྱོགས་སོ་སོར་ཕན་བདེ་གང་ལེགས་འབྱུང་ཐུབ་རྒྱུ་རེད།   ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་ཚོས་ཀྱང་ས་དམ་གནའ་གྲོང་དང་། ལ་ཧྲི་མཚོ། ཡུས་ལུང་གངས་རི།  སྟག་མཆོང་གྲོག་རོང་།  ཧ་པ་གངས་རི།  སེམས་ཀྱི་ཉི་ཟླའི་རང་བྱུང་མཛེས་ལྗོངས་ཉམས་སུ་མྱོང་ཆོག་ལ།  མྱུར་བགྲོད་ལྕགས་ལམ་འདི་ཡང་བདེ་ཆེན་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ལམ་བུ་དང་ཕྱུག་འགྱུར་གྱི་ལམ་བུ་ཞིག་ཏུ་འགྱུར་ཐུབ་པའི་ཡིད་ཆེས་ཡོད།