སེམས་ཀྱི་ཉི་ཟླས་མི་རིགས་མཐུན་སྒྲིལ་ཐུན་མོང་ཐོག་འཕེལ་རྒྱས་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ་འཕྲིན། ཉེ་བའི་ལོ་ཤས་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཀྱི་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་གཙོ་རྐང་བརྟན་པོ་བཙུགས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་ས་མཐའ་འཁྱོངས་བྱས་ནས།བརྟན་ལྷིང་དང་།འཕེལ་རྒྱས།སྣོད་བཅུད།མཐའ་མཚམས་བརྟན་འཇགས་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་ཡག་པོ་བྱས་ཡོད།རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་གསར་འཛུགས་བྱ་རྒྱུ་དམིགས་འབེན་དུ་བྱས་ནས། མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ཏུ་སྐུལ་སློང་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་ནང་ཞུགས་པ་དང་།མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ཏུ་འགྲོ་འོང་དང་།ཁྱོན་ཡོངས་ནས་སྤེལ་རེས།མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་སྐུལ་འདེད་བཏང་སྟེ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་པའི་ཐོག་གོམ་སྟབས་ཆེན་པོས་བསྐྱོད་པས།ཆབ་སྲིད་བརྟན་ལྷིང་དང་།དཔལ་འབྱོར་འཕེལ་རྒྱས།མི་རིགས་མཐུན་སྒྲིལ།ཆོས་ལུགས་ཞི་མཐུན།སྤྱི་ཚོགས་འཆམ་མཐུན།མི་དམངས་བདེ་སྐྱིད་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།

        ཉེ་བའི་ལོ་ཤས་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས《སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བྱ་སྤྱོད་ཇུས་གཞི》དང《མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཁྱོན་ཡོངས་དང་།གཏིང་ཟབ།རྒྱུན་སྲིང་བཅས་ཀྱི་སྒོ་ནས་སྤེལ་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》སོགས་སྲིད་ཇུས་དང་བྱ་ཐབས་བཟོས་ནས་གསར་གཏོད་ལས་དོན་ལ་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་འཛུགས་“ལས་ཁུངས་དང་།ཁེ་ལས།སྡེ་ཁུལ།གྲོང་རྡལ།སློབ་གྲྭ།སྨན་ཁང་།དམག་སྒར།དགོན་སྡེ་དང་ཆོས་ཁང་།ཡུལ་སྐོར་མཛེས་ལྗོངས་ཁུལ་”བཅས་བསྐྱོད་རྒྱུ་དགུའི་བྱེད་སྒོ་གཏིང་ཟབ་སྤེལ་པ་དང་།  དམར་དམག་རྒྱང་སྐྱོད་དེ་སེམས་ཀྱི་ཉི་ཟླར་སྐྱོད་སྐབས་བཞག་པའི་རྩ་ཆེའི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཡོད།

        “ལོ་ལྔ་ཚན་བཅུ་གསུམ་པའི”རིང་།ཤམ་བྷ་ལ་མི་རིགས་མཐུན་སྒྲིལ་གྱི་བརྗོད་བྱ་གཙོ་བོའི་སྤྱི་གླིང་དང་མི་རིགས་རིག་གནས་ཁང་སོགས་སྤྱི་གླིང་ཆེན་པོ་གསུམ་དང་ཐང་ཆེན་ཆེན་པོ་9བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ཡོད། ཏང་གི་ལོ་རྒྱུས་སྐོར་གྱི་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་དང་བདེ་ཆེན་གྱི་དགོངས་དོན་སྒྲོག་སྦྱང་བྱེད་པ།ཟླ་5པའི་རྟ་རྒྱུག  དགའ་སྤྲོའི་ཤམ་བྷ་ལ།མི་རིགས་མཐུན་སྒྲིལ་རིག་གནས་སྒྱུ་རྩལ་གཟའ་འཁོར་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་རྣམ་པ་ཟབ་མོ་ཤུགས་ཆེན་བཏོད་དེ།ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་གོང་བུ་འགྲིལ་ཤུགས་དང་འབོད་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་མི་རིགས་ཁག་ཐུན་མོང་ཐོག་སློབ་སྦྱོང་དང་།མཉམ་སྐྲུན་མཉམ་སྤྱོད།མཉམ་ལས་བདེ་སྐྱིད་བཅས་ཀྱི་སེམས་ཀྱི་ཉི་ཟླའི་བསམ་པའི་ཁྱིམ་གཞིས་བསྐྲུན་ཡོད།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལོ་14རིང་བསྟུད་མར་“སྟོང་སྐུལ་བྱེད་སྒོ་”སྤེལ་བ་དང་།ལོ་11རིང་བསྟུད་མར་“མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ།ཁྱབ་ཁོངས་ཁག་ཏུ་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ་སྤེལ་ནས།ལས་བྱེད་པར་“བློ་དཀར་སེམས་དཀར་སློབ་གསོ་”དང་།གྲྭ་བཙུན་ལ་“ཁྲིམས་སྐྱོང་སློབ་གསོ།”མང་ཚོགས་ལ་“དྲིན་ཚོར་སློབ་གསོ།”སློབ་མར་“རྒྱལ་གཅེས་སློབ་གསོ”བཅས་སྔར་ལས་གཏིང་ཟབ་ཏུ་བཏང་ཡོད།མི་རིགས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ཏེ།གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)62ལ་ཆོས་ལུགས་ལས་འཛིན་པ་བཀོད་སྒྲིག་བྱས་པ་དང་།“འཆམ་མཐུན་དགོན་སྡེ་དང་བདེ་འཇགས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་”ཞེས་པ་གསར་འཛུགས་བྱས་ནས་མིང་བཏགས་ཤིང་།ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་ཐབས་བྱ་རྒྱུའི་ཁྲིད་སྟོན་བྱས་ཡོད།