ལྷ་དང་འདྲེའི་ཁྱད་པར། ༼གཏམ་རྒྱུད་ཐུང་ཡང་གནས་ལུགས་ཟབ།༽

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-02-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 སྔར་གྲོང་རྡལ་ཞིག་ནི་ཅི་ལས་འདི་ལས་མེད་པའི་མི་ངན་ཞིག་ཡོད་ཅིང་ཡུལ་དེའི་སྡེ་མི་ཚང་མ་ཁོ་ལ་ཤིན་ཏུ་སྡང་།  རེ་ཞིག་གི་ཚེ་ཁོས་སེམས་བཟང་བཅངས་ནས་རང་གི་ད་ལྟའི་གོམས་གཤིས་ངན་པ་འདི་བསྒྱུར་རྒྱུའི་སེམས་ཐག་བཅད་དེ།   ཡུན་རིང་བསགས་པའི་སྒོར་སྟོང་གཅིག་པོ་དེ་སྲང་ལམ་ན་རྩེད་མོར་གཡེང་བའི་བྱིས་པ་ཚོར་སྟེར་རྒྱུའི་གྲ་སྒྲིག་བྱས།  

མ་བསམ་ས་ནས་གནས་ཚུལ་དེ་བྱིས་པའི་ཕ་མ་ཚོས་མཐོང་བ་དང་།   བྱིས་པ་ཚོ་ཚུར་འབོད་བཞིན་ཤིན་ཏུ་མ་རངས་པའི་རྣམ་འགྱུར་དང་བཅས་མི་ངན་དེ་ལ།    བཟང་མདོག་མ་སྟོན།  ང་ཚོས་ཁྱོད་ཀྱིས་སེམས་ན་ངན་ཅི་ཞིག་དྲན་གྱི་ཡོད་པ་མི་ཤེས་སམ།  ཁྱོད་ཀྱིས་བྱིས་པ་ཚོས་མགོ་བསྐོར་ནས་བཙོང་འདོད་པ་མ་ཡིན་ནམ།   ཕར་སོང་ཟེར་ནས་སྡིག་དམོད་བྱས།  

སྐབས་ཐོག་དེར་ཁོའི་སེམས་ལ་སྐྱོ་སྣང་ཚད་མེད་ཅིག་སྐྱེས་པ་དང་།    ཁོས་ཇི་ལྟར་འབད་བརྩོན་བྱས་ཀྱང་འཇིག་རྟེན་འདིའི་སྟེང་ན་ཁོ་ལ་ཡིད་ཆེས་བྱེད་མཁན་ཞིག་མི་འདུག་སྙམ་ཞོར་གྲོང་རྡལ་གྱི་ཕྱི་ལ་སོང་བ་དང་།   གྲོང་རྡལ་གྱི་མཐའ་ན་ཡོད་པའི་གཙང་བོ་དེའི་ནང་ལྡིང་ནས་ཚེ་སྲོག་གི་རྒྱུན་གཅོད་རྒྱུའི་བློ་སྐྱེས། ལམ་བར་གང་རུང་དུ་ཁོས་མཐོང་ཚད་རེ་རེ་ལ་སྡིག་དམོད་དང་དམའ་འབེབས་བྱས་ཤིང་།   དངོས་ཟོག་རེ་རེ་ལ་རྡོག་ཐོས་བརྫིས་ནས་བཅག་ཅིང་བཅོམ།   ལམ་སྣེ་ཞིག་ན་ལོ་ལོན་ནས་ཤི་ལ་ཁད་བྱེད་པའི་བྱི་ལ་ཞིག་ཡོད་པ་དེའང་རྐང་པའི་རྒྱག་ཐེངས་གཅིག་གིས་ཕར་གཡུག་ནས་བསད།  ཁོས་རང་གི་སེམས་ནས་བཟོད་མི་ཐུབ་པའི་ཁོང་ཁྲོ་དང་ཞེ་སྡང་ཚང་མ་ཕྱི་ལ་བཏོན། 

གཙང་བོའི་འགྲམ་ལ་སླེབས་དུས།   གར་ཡོང་མི་ཤེས་པའི་ན་གཞོན་བུ་མོ་ཞིག་གིས་ཁོའི་འགྲོ་ལམ་བཀག་བྱུང་།   ཁོས་སྔར་བཞིན་ཁོང་ཁྲོའི་ངང་ནས་སྡིག་དམོད་ཅིག་བྱེད་བསམ་དུས།   ན་གཞོན་བུ་མོ་དེས་ཁ་སྔོན་ལ་གྲགས་ཤིང་ཟོལ་བག་དང་བཅས་ཕོ་གསར་ལགས།   ངས་ཕ་གའི་རྒྱབ་ལོགས་ནས་གཅིན་ཞིག་གཏང་དགོས་པས་ཁྱོད་ཀྱིས་མི་གཞན་པ་ཡོང་གི་ཡོད་མེད་བལྟ་རོགས་ཅིག་གནང་ན་ཨེ་ཆོག་ཅེས་དྲིས་བྱུང་།   ཤིང་སྐམ་ཞིག་དང་འདྲ་བར་ཀྲོང་ངེར་ཡར་ལངས་པའི་མི་ངན་གྱིས་ན་གཞོན་བུ་མོ་དེའི་ལྷད་མེད་པའི་མིག་མདངས་ལ་བལྟ་བཞིན་འཐད་པའི་རྣམ་འགྱུར་བསྟན།     ངོ་ཚའི་ཟོལ་གྱིས་ཁེངས་ནས་ངོ་གདོང་དམར་བོར་གྱུར་བའི་ན་གཞོན་བུ་མོ་དེ་ཕ་གའི་ནགས་གསེང་དུ་བུད་སོང་བ་དང་།   ཁོ་ནི་ལྷག་བསམ་ལྡན་པའི་སོ་བ་ཞིག་དང་འདྲ་བར་དེ་ནས་རེ་ཞིག་ལུས་ཤིང་ཡར་མར་གྱི་གནས་ཚུལ་ལ་ཞིབ་བལྟ་བྱས། 

ཀྲོང་ངེར་ཡར་ལངས་ནས་སྡོད་པའི་དུས་ཚོད་ཕྲན་བུ་དེའི་ནང་སྐད་ཅིག་ཉིད་ལ་མི་ངན་དེས་རང་གི་བསམ་ཚུལ་བསྒྱུར་བ་དང་།  རང་སྲོག་གཅོད་པའི་སེམས་ཁ་བསྒྱུར་ནས་སླར་ཡང་མི་གཞི་བཟང་བོ་ཅན་ཞིག་བྱེད་རྒྱུའི་འདུན་པ་སྐྱེས།   མཚམས་ལ་རེར་མིའི་བསམ་ཚུལ་ལ་ཧ་ལས་པའི་འགྱུར་ལྡོག་བཏང་ཆོག་ཅིང་།    སྐབས་ཐོག་ཏུ་ཐོན་ནས་ཧོལ་རྒྱུགས་ཀྱི་བྱ་བ་རྩོམ་པའི་དུས་ན་སྐར་ཆ་འགར་རྗེས་དཔགས་ཀྱི་བསམ་ཚུལ་ཞིག་གློ་བུར་སེམས་ལ་འཆར་རྒྱུ་ཡོད་པ་དང་དེས་ཀྱང་ངན་བཀག་ཅིང་བཟང་སྒྲུབ་པར་སྒུལ་ཤུགས་ཅིག་སྩོལ་ཐུབ་ཀྱི་ཡོད། 

ན་གཞོན་བུ་མོ་དེ་ཕྱིར་འགྲོ་ལམ་ནང་དུ་ཐོན་དུས་ཁོ་བོས་ཀྱང་ལྷག་བསམ་ཅན་ཞིག་གི་ཚུགས་ཀ་བཟུང་ཞིང་བུ་མོ་དེ་ལ་གུས་པའི་རྣམ་འགྱུར་ཡང་བསྟན།  དེ་ནས་ཁོ་བོ་གྲོང་རྡལ་གྱི་ཕྱི་རུ་བསྐྱོད་མགོ་བརྩམས་པ་དང་།  རྒྱང་རིང་རྒྱང་རིང་ཞིག་ལ་སོང་སྟེ་རྒྱུས་མེད་ཀྱི་ཡུལ་ཁམས་ཞིག་ནས་ལྷག་བསམ་ལྡན་པ་དང་དོན་སྙིང་ལྡན་པའི་མི་ཚེ་ཞིག་རོལ་ན་འདོད་བྱུང་། 

    མི་རེ་རེའི་རང་གཤིས་ནི་དགེ་སེམས་དང་སྡིག་སྤྱོད་གཉིས་ལས་གྲུབ་པ་ཞིག་ཡིན།   དེ་ཡང་མི་ཞིག་གི་དགེ་བ་དང་སྡིག་སྤྱོད་ཀྱི་གཤིས་ཀའི་མངོན་ཚུལ་ནི་ཕྱི་རོལ་གྱི་མི་རྣམས་ཀྱིས་མི་དེ་ལ་ལྟ་ལྟངས་ཅི་འདྲ་ཞིག་བཟུང་ཡོད་མེད་ལ་རག་ལས་ཆེན་པོ་ཡོད།   གལ་ཏེ་མི་ཞིག་ལ་ཡིད་ཆེས་དང་རྒྱབ་སྐྱོར།  རེ་བ་གནང་བ་ཡིན་ན་དགེ་སྐུལ་གྱི་ནུས་པ་ཐོན་ཞིང་།    ཟུར་ཟ་དང་དམའ་འབེབས།     ཐེ་ཚོམ། ཕྲག་དོག   མཐོང་ཆུང་སོགས་བྱས་པ་ཡིན་ན་སྡིག་པའི་གཤིས་སྤྱོད་དེ་ཡང་རིམ་བཞིན་མངོན་ཡོང་གི་ཡོད།