རྒྱལ་བོའི་མཛུབ་དཀྲིས། ༼གཏམ་རྒྱུད་ཐུང་ཡང་གནས་ལུགས་ཟབ།༽

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-02-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

སྔར་ཡུལ་ཆེན་པོ་ཞིག་ན་རླབས་ཆེ་བའི་རྒྱལ་བོ་ཞིག་ཡོད་པ་དེས་ཉིན་ཞིག་གི་ཚེ་རྨི་ལམ་ཡ་མཚན་ཞིག་རྨིས་བྱུང་།  རྨི་ལམ་ནང་དུ་སྐྱེས་བུ་དམ་པ་ཞིག་གིས་ཁོ་ལ་ནམ་ཡིན་རུང་གདམས་ངག་ཏུ་རུང་བའི་སྐད་ཆ་ཚིག་གཅིག་ཡོད་པ་སེམས་ལ་དམ་པོར་བཟུང་དགོས་པའི་རེ་བ་བཏོན་པ་དང་།   གདམས་ངག་དེའི་ནང་དུ་མིའི་རིགས་ཀྱི་བློ་གྲོས་ཡོད་ཚད་འདུས་ཡོད་ཟེས་བཤད།    ཡིན་ནའང་ཕྱི་ཉིན་ནམ་ལངས་དུས་རྒྱལ་བོས་གདམས་ངག་དེ་ཡིད་ནས་བརྗེད་ཚར་བས་བློན་པོ་རྣམས་བསྡུས་ཏེ་གདམང་ངག་གི་ཚིག་ལ་ཕྱིར་དྲན་བྱེད་པའི་བསམ་བློ་བཏང་། 

    བློན་ཆེན་ཞིག་གིས་རྒྱལ་བོ་ལགས།   སྐྱེས་བུ་དམ་པ་དེས་གདམས་ངག་ལ་ནུས་པ་ཅི་ཡོད་ཚུལ་བཤད་བྱུང་ངམ་ཞེས་དྲིས་པ་ན།       རྒྱལ་བོས་བློན་པོ་ལ།    གདམས་ངག་དེའི་ནང་དུ་མིའི་རིགས་ཀྱི་བློ་གྲོས་ཡོད་ཚད་འདུས་ཡོད་པས་དཀའ་སྡུག་གང་ལ་འཕྲད་ཀྱང་རང་ཚོད་ཟིན་ཐུབ་པ་དང་ན་གཞོན་ནས་ལོ་ལོན་པའི་བར་དུ་འབད་འབུངས་ལྷོད་མེད་བྱེད་ཐུབ་པའི་ནུས་པ་ཡོད་ཅེས་ལན་བཏབ། 

     བློན་ཆེན་གྱིས་དེས་ན་ང་ཚོར་བསམ་གཞིག་བྱེད་པའི་དུས་ཚོད་ཏོག་ཙམ་གནང་རོགས་ཞེས་བཤད་པ་ན།  རྒྱལ་བོས་གསེར་གྱི་མཛུབ་དཀྲིས་ཤིག་བླངས་ནས་བློན་པོའི་ལག་ལ་གཏད་ཅིང་།    གལ་ཏེ་ཁྱོད་ཚོས་གདམས་ངག་དེ་དྲན་ཐུབ་པ་བྱུང་ན་མཛུབ་དཀྲིས་འདིའི་སྟེང་དུ་བརྐོ་བར་བྱ།   གདམས་ངག་བྲིས་ཡོད་པའི་མཛུབ་དཀྲིས་དེ་རྒྱུན་པར་གོན་ན་རྒྱུན་ལྡན་འཚོ་བའི་ཁྲོད་རང་ཉིད་ལ་གསལ་འདེབས་བྱེད་པར་ཡང་སྟབས་བདེ་བོ་ཡོད་ཅེས་སྨྲས།   

   ཉིན་མ་འགའ་ལས་མ་འགོར་བར་བློན་པོ་ཚང་མས་རྒྱལ་བོ་དེ་ལ་གསེར་གྱི་མཛུབ་དཀྲིས་ཕུལ་ཞིང་།  དེའི་སྟེང་དུ་ཤིན་ཏུ་སྟབས་བདེ་བའི་གདམས་ངག་ཅིག་བརྐོས་བྱུང་བ་ནི་འདི་ལྟ་སྟེ།    ཅི་ཞིག་ཡིན་ཡང་ཕར་འདས་ནས་བུད་འགྲོ་ཞེས་པ་དེ་རེད། 


      དུས་ཚོད་ནི་སྒྲ་མེད་པའི་གོམ་སྟབས་ཆེན་པོ་ཞིག་ཡིན་ཞིང་།   དེས་འབྱོར་ཕྱུག་དང་མཚར་སྡུག་གི་རྣམ་པ་ཕར་འཁྱེར་འགྲོ་བ་མ་ཟད།    དཀའ་ཁག་དང་སྡུག་བསྔལ་གི་འཁུར་བོ་ཡང་ཕར་འཁྱེར་འགྲོ།   དེའི་རྐྱེན་གྱིས་རང་ཉིད་ལ་མཚན་སྙན་གྲགས་རྒྱས་ཤིང་འབྱོར་ཕྱུག་ཕུན་སུམ་ཚོགས་པའི་དུས་ལ་ང་རྒྱལ་སྐྱེས་མི་རུང་ལ།   ཡང་དཀའ་སྡུག་གི་གནས་སུ་ལྷུང་ནས་མགོ་བོ་འཐོམས་དུས་རེ་ཆད་ཀྱང་བྱེད་དོགས་མེད།   རྒྱུ་མཚན་ནི་ཅི་ཞིག་ཡིན་ཡང་ཕར་འདས་ནས་བུད་འགྲོ་བས་རེད།