ཧ་གཉིད་མ་གོ་བའི་ཕྲུ་གུས་བསླངས་པའི་ཆག་སྒོ

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-10   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

 ཉེ་ཆར། མང་ཚོགས་ཤིག་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་སྤྱི་བདེ་ཅུས་སློབ་ཁུལ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཡོང་ནས། མི་དམངས་ཉེན་རྟོག་པར་གོས་དར་ཞིག་ཕུལ་ཏེ། རང་ཁྱིམ་ལ་སྒོར་7300ཡི་གྱོང་གུན་མི་ཕོག་པ་བྱས་པར་ཐུགས་རྗེ་ཆེ་ཞུས།    གནས་ཚུལ་གྱི་བརྒྱུད་རིམ་འདི་ལྟར་ཏེ། མི་རིང་བའི་གོང་གྲོང་མི་བཀྲ་ཆེ་གེ་མོས་གྲ་ནང་རྫོང་སྤྱི་བདེ་ཅུས་སློབ་ཁུལ་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཡོང་སྟེ། ངས་དངུལ་ཁང་གཱ་ནས་དངུལ་འདོན་རྩིས་བྱེད་སྐབས། གཱ་ནང་སྒོར་18ལས་ལྷག་མེད་པ་དང་སྒོར་7300ལྷག་ཙམ་གར་སོང་ཆ་མེད་དུ་གྱུར་འདུག་པས། མི་དམངས་ཉེན་རྟོག་པར་བརྟག་དཔྱད་གནང་རོགས་ཞེས་གྱོད་དོན་སྙན་སེང་ཞུས།    དངུལ་ཁང་གཱ་ཡི་དངུལ་འགྲོ་རྒྱུག་དང་སྐད་འཕྲིན་གྱི་གཏོང་སྤྲོད་ཟིན་ཐོར་བལྟས་རྗེས། གྱོད་གཞི་སྒྲུབ་གཉེར་མི་དམངས་ཉེན་རྟོག་པས་བཀྲ་ཆེ་གེ་མོའི་དངུལ་ཁང་གཱ་ནང་གི་དངུལ་རོལ་རྩེད་སྒྲིག་ཆས་ཉོ་བར་བཏང་ཡོད་པ་ཤེས་རྟོགས་བྱུང་ཞིང་། སྔར་བས་འདྲི་རྩད་བྱས་པ་བརྒྱུད། བཀྲ་ཆེ་གེ་མོའི་བུས་ཁ་པར་གྱི་རོལ་རྩེད་རྩེ་སྐབས། སྐད་འཕྲིན་ནས་དངུལ་བསྒྱུར་ཏེ་རོལ་རྩེད་སྒྲིག་ཆས་ཉོས་པ་ཤེས་རྟོགས་བྱུང་བ་རེད།    གནས་ཚུལ་གསལ་པོ་ཤེས་རྗེས། མི་དམངས་ཉེན་རྟོག་པས་བཀྲ་ཆེ་གེ་མོར་རོལ་རྩེད་ལས་སྟེགས་ཀྱི་ཞབས་ཞུ་བ་དང་འབྲེལ་གཏུག་གྲོས་མོལ་བྱེད་རོགས་བྱས་པ་དང་། ཞབས་ཞུ་བར་གནས་ཚུལ་ཡོང་རྐྱེན་གསལ་པོ་བཤད་པ་མ་ཟད། ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་འཛད་སྤྱོད་གྲོན་དངུལ་ཕྱིར་སློག་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ཀྱང་གསལ་པོར་བཤད་པ་རེད།     མི་དམངས་ཉེན་རྟོག་པས་འབྲེལ་གཏུག་ཐེངས་མང་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཐེངས་མང་བཤད། མཐར་བཀྲ་ཆེ་གེ་མོའི་སྒོར་7300འདེད་ལེན་ཐུབ་ཡོད།
    ལྷོ་ཁའི་སྤྱི་བདེས་ཁྱིམ་བདག་ཚོར་དྲན་སྐུལ་བྱས་དོན། ཕྲུ་གུར་ཁ་པར་གྱི་རོལ་རྩེད་གང་བྱུང་དུ་རྩེད་དུ་འཇུག་མི་རུང་ལ། དངུལ་ཁང་གཱ་ཡི་གཏོང་སྤྲོད་ཀྱི་གསང་བའི་ཨང་རྟགས་ཀྱང་ཤོད་རྒྱུ་མེད། ལྐོག་ཏུ་རོལ་རྩེད་སྒྲིག་ཆས་ཉོ་ཚོང་བྱེད་རིགས་ཚང་མ་མགོ་སྐོར་གཏོང་སྟངས་ཤིག་རེད། རོལ་རྩེད་རྩེ་སྐབས་ཆ་རྒྱུས་མེད་པའི་མིས་བཤད་པའི་ཉོ་ཚོང་ཆ་འཕྲིན་ལ་ཡིད་ཆེས་བྱེད་མི་རུང་ལ། དྲ་ཐོག་ཏུ་ཉོ་ཚོང་བྱེད་སྐབས་ཀྱང་ངེས་པར་དུ་ལུགས་མཐུན་གྱི་ཕུང་གསུམ་པའི་གཏོང་སྤྲོད་ལས་སྟེགས་བདམས་ནས་བཀོལ་སྤྱོད་བྱེད་དགོས།    དེ་དང་ཆབས་ཅིག ཁྱིམ་བདག་ཚོས་ཕྲུ་གུར་ཁ་པར་ལ་དབྱིངས་ཚུད་དྲགས་ན་སྐྱོན་གང་ཡོད་མེད་བཤད་དེ། ཕྲུ་གུའི་རང་གཅུན་ནུས་པ་དང་རང་ཚོད་ཟིན་ནུས་ཆེ་རུ་གཏོང་དགོས། བརྒྱུད་རིམ་འདི་དཀའ་ཚེགས་ཆེ་ཙམ་ཡོད་རུང་འོན་ཀྱང་གོམས་གཤིས་བཟང་པོ་འཇགས་ན་ཕྲུ་གུའི་ཚེ་གང་ལ་ཕན་ཐོགས་ཡོད།