འཇོལ་སྔོ་ཕུ་གྲོང་ཚོའི་ལོ་གསར་གྱི་གཡང་ཆགས་འབོད་སྲོལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    བདེ་ཆེན་རྫོང་ངམ་འཇོལ་རྫོང་ཡུན་ལིན་ཤང་གི་ཁོངས་ན་སྔོ་ཕུའམ་ཡུལ་མིའི་འབོད་སྟངས་སུ་ཧོར་ཞེས་ཐོགས་པའི་ཡུལ་སྡེ་ཆེན་པོ་ཞིག་ཡོད་ཅིང་།    དགོན་སྡེ་ཆེན་པོ་དགའ་ལྡན་ཡངས་པ་ཅན་བྱིན་ཆགས་གླིང་གནས་སའང་ཡིན། ཡུལ་འདིའི་ཕྱོགས་ཐམས་ཅད་གངས་རི་དང་ནགས་རིས་ཡོངས་སུ་བསྐོར་ནས་མི་རྣམས་ཀྱང་དཀར་པོའི་ལས་ལ་བརྩོན་ཞིང་སྔར་ནས་བརྒྱུད་པའི་སྲོལ་ལ་གོམས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།   ལོ་གསར་ཚེས་གཅིག་ཉིན་ལོ་ལོན་རྒན་པ་དང་ནང་མི་ལ་ལོ་གསར་བསྐྱལ་རྗེས་རྒན་དར་གཞོན་གསུམ་སྡེ་མཐའི་མཆོད་རྟེན་ཁ་རུ་འཛོམས་ནས་ལྷ་བསང་གཏོང་བ་དང་། ལབ་རྩེ་གཏོད་ཅིང་། ཆེ་ཆུང་གོ་རིམ་བཞིན་གྲལ་བསྒྲིགས་ཏེ་ཁ་མཚར་ཀུ་རེའི་ངང་ནས་ཞིམ་པའི་ཟན་ཟ་ཞིང་། ལྷག་པར་ཡུལ་འདི་ལ་སྔར་ནས་བརྒྱུད་པའི་ནས་ཆང་བཙགས་པའི་སྲོལ་ཡོད་པ་བཞིན་མི་རེ་རེས་ལོ་ཆང་ཁམ་པ་འཁྱེར་ཡོང་ནས་ཕན་ཚུན་ལ་འདྲེན་ཅིང་ཉིན་གོང་གི་དུས་མ་ཡོལ་བར་དུ་སྡོད། དེ་ནས་རྒན་པ་རྣམས་ཀྱིས་མགོ་ཁྲིད་དེ་སྨན་མཚོ་མོའི་གངས་རི་མཐོང་བའི་མཆོད་རྟེན་ཁ་འདི་ནས་ཕན་ཚུན་ལག་གདེང་སྦྲེལ་བ་དང་།  འགྲོས་མཉམ་པའི་རྡོག་སྒྲའི་ཁྲོད་ནས་མི་ལ་ན་ཚ་མེད་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པ།  རྒྱལ་ཁམས་བདེ་ཞིང་སྐྱིད་པའི་བཀྲ་ཤིས་གཡང་ཆགས་ལེན་པ་རེད། 

    བདེ་ཆེན་བ་གཞན་དག་དང་འདྲ་བར་ཡུལ་འདིའི་མི་རྣམས་ཀྱང་མདའ་རྒྱག་པར་ཤིན་ཏུ་དགའ་ཞིང་།   ལོ་གསར་ནང་གཞི་གཅིག་ཏུ་འཛོམས་ནས་མདའ་རྩེད་བྱེད།  ཕྱི་དྲོའི་དུས་ལ་ཡུལ་མི་ཚང་མ་གྲོང་ཚོའི་བྱ་འགུལ་ལྟེ་གནས་སུ་འཛོམས་ནས་ཟན་ཟ་ཞིང་།  སྐྱེས་པ་ཚོས་པི་ཝང་དཀྲོལ་བ་དང་སྐྱེས་མ་ཚོས་གཞན་ལེན་ཞོར་གླུ་གར་གྱི་དགའ་སྟོན་ལ་རོལ།   དེང་གི་སྲིད་ཇུས་བཟང་བོའི་གཟིགས་སྐྱོང་དང་ཡུལ་མི་རྣམས་ཀྱི་འབད་བརྩོན་འོག་མི་རྣམས་ཀྱི་འཚོ་བར་འགྱུར་ལྡོག་སྣ་ཚོགས་བྱུང་ཡོད་པ་དང་། ཁ་བརྡའི་ཀློང་ནས་ཡུལ་མི་རྣམས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་བའི་རེ་སྨོན་དང་དགའ་སྣང་།  ཕ་ཡུལ་གྱི་རང་བྱུང་སྣོད་བཅུད་ཀྱི་བཀོད་པ་བཅས་ལ་བརྩི་མཐོང་བྱེད་པའི་ཀུན་སྤྱོད་བཟང་བོ་སོགས་ལ་ཡང་ཉམས་རྟོགས་མི་ཉུང་བ་ཞིག་བསྐྱེད་ནུས་སོ།།