དམ་པ་ཀླུ་སྒྲུབ། བདེ་ཆེན་ཁུལ་མཐའ་ཆུ་གྲོང་རྡལ་གྱི་ལོ་སར་རིག་གནས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-02-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།



    2022ལོའི་གནམ་ལོ་གསར་ཚེས་ཀྱི་ཉིན་བཟང་སྐར་བཟང་གི་དུས་འདིར་ཐོག་མར་ངེད་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་ལས་བཟོ་བ་ཡོངས་ཀྱིས་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ལ་བོད་རབ་རྒྱན་ཆུ་ཕོ་སྟག་གི་ལོར་ཁྱེད་ཅག་གི་བྱ་བཞག་ཐམས་ཅད་རྒྱ་སྟག་ནགས་ནས་མཆོང་འདྲའི་ངར་ཞིག་དང་མདའ་མོ་གཞུ་ལས་ཤོར་འདྲའི་མྱུར་ཞིག་ཡོད་པ་དང་། ཁྱིམ་བཟའ་མི་ཡོངས་ལ་ནད་མེད་ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་སྨོན་འདུན་ཞུ།   

    དེ་ཡང་རྫོགས་ལྡན་གྱི་དུས་བཟང་འདིར་ངེད་བོད་ཡིག་རྩོམ་སྒྲིག་ཁང་གིས་༼ བདེ་ཆེན་བོད་ཀྱི་ལོ་སར་རིག་གནས ༽ཞེས་པའི་ལེ་ཚན་ཞིག་བཀོད་སྒྲིག་བྱས་ཡོད་ལ། ལེ་ཚན་འདིའི་ཁྲོད་བདེ་ཆེན་ས་གནས་ཀྱི་བོད་རང་གི་སྲོལ་རྒྱུན་རིག་གནས་ལ་ཆ་རྒྱུས་ཡོད་པ་དང་རྒྱུས་མངའ་ཡོད་པའི་རིག་གནས་བ་དང་གྲགས་ཆེན་མི་སྣ་འགའ་གདན་འདྲེན་ཞུས་ནས་རྩམ་དྲི་མ་ཡལ་བའི་བདེ་ཆེན་བོད་སྐད་ཀྱི་སྒོ་ནས་ཁ་བརྡ་བགྲོ་གླེང་བྱས་ཡོད།   

    ཐེངས་འདིར་གདན་འདྲེན་བྱས་པའི་སྐུ་མགྲོན་ནི་ཕ་ཡུལ་འབའ་ལུང་མཐའ་ཆུ་ནས་འཚར་ལོངས་བྱུང་བའི་གླུ་བ་དགེན་དམ་པ་ཀླུ་སྒྲུབ་ལགས་ཡིན། ཁོང་ནི་བོད་ཀྱི་ཕ་སྐད་གཞས་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ། དེ་སྔའི་སེམས་ཀྱི་ཉི་ཟླ་ཚན་སྡེབ་ཀྱི་ཁོངས་མི་ཡིན། ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བརྒྱད་པའི་རི་གཞས་འགྲན་བསྡུར་ཆེ་མོར་གསེར་གྱི་བྱ་དགའ་སོགས་ཐོབ་མྱོང་དེ་མིན་རྒྱལ་ཁབ་ཕྱི་ནང་གི་འཁྲབ་སྟོན་དྲིལ་བསྒྲགས་བྱེད་སྒོ་གལ་ཆེན་རབ་དང་རིམ་པའི་ནང་ཞུགས་མྱོང་བ་དང་རྒྱལ་ཁབ་དང་ས་ཁུལ་ཉི་ཤུ་ལྷག་ཙམ་ལ་འཚམས་འདྲིར་བསྐྱོད་དེ་དྲིལ་བསྒྲགས་འཁྲབ་སྟོན་བྱས་པ་དང་། 2009ལོར་ཝེ་ཡེ་ནའི་གསེར་མདོག་ཚོམས་ཆེན་དུ་འཁྲབ་སྟོན་བྱེད་པར་བསྐྱོད་དེ་སེམས་ཀྱི་ཉི་ཟླའི་ཕུལ་བྱུང་རིག་གནས་དྲིལ་བསྒྲགས་ཧུར་ཐག་བྱས་པ་རེད། མིག་སྔར་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་སྒྲུབ་ཡོད་ལ། དགེན་ལགས་ཀྱི་ལེ་ཚན་འདིའི་ནང་ཁོའི་ཕ་ཡུལ་འབའ་ལུང་མཐའ་ཆུ་གཙོ་བྱས་པའི་བོད་ཀྱི་སྲོལ་རྒྱུན་ལོ་སར་རིག་གནས་གླེང་ཡོད་དེ་རྒྱ་ཆེའི་ཀློག་པ་པོ་དང་དགའ་མོས་ཡོད་མཁན་རྣམས་ཀྱིས་གསན་གཟིགས་དང་རྒྱུད་སྐུར་མང་ཙམ་བྱེད་རོགས། 

    དེ་མིན་བརྙན་རིས་འདི་སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ་དང་སེམས་ཀྱི་ཉི་ཟླ་APPསོགས་སུ་དུས་གཅིག་ཏུ་སྤེལ་རྒྱུ་ཡིན་པས་དུས་ལྟར་གཟིགས་པར་འཚལ།།