ལི་ཐང་གི་དམངས་ཁྲོད་མཛའ་གཞས་ཕྱོགས་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-28   རྩོམ་ཁུངས།    ཁམས་པའི་དྲ་བ།

ཁྱོད་ནི་ཉི་མའི་ངང་ཚུལ།།

ང་ནི་ཟླ་བའི་ངང་ཚུལ།།

ཉི་མ་ཟླ་བ་གཉིས་ནི།།

འཛམ་གླིང་ལྟད་མོར་ཆས་འགྲོ།།

 

སྟར་ག་སྡོང་པོའི་འོག་ལ།།

གནས་ཚང་ཞག་གཅིག་གཡར་རོགས།།

སྟར་ག་འཕྲོ་བརླག་མི་འགྲོ།།

ཁས་ལེན་ང་ཡིས་བྱེད་ཆོག།

 

ཆུང་འདྲིས་ཆུང་བའི་དུས་སུ།།

གཅིག་ངོ་གཅིག་གིས་མི་ཤེས།།

ད་ནི་ཆུང་འདྲིས་ངེད་གཉིས།།

སྟར་ག་གཅིག་གི་ནང་རེད།།

 

ཆུང་འདྲིས་ཁྱེད་ལ་ཅི་དགོས།།

ང་ལ་འདི་དགོས་ཟེར་རོགས།།

གནམ་གྱི་སྐར་མ་དགོས་ན།།

སྐས་བརྒྱ་བཙུགས་ནས་ལེན་ཆོག།

 

ལས་དང་བསྐལ་བ་ཡོད་ན།།

དཀར་ཡོལ་འབྲུག་ཁྲའི་ནང་ལ།།

ཇ་ཚྭ་འཛོམས་པའི་འོ་ཇ།།

མཉམ་དུ་འཐུང་ན་ཞིམ་པ།།

 

ཆུ་ཆེན་ཆེ་ནའང་ཆེ་བཅུག།

ཟམ་ཆུང་ཁུར་ནའང་ཁུར་བཅུག།

རྟ་ཕོ་ཅང་ཕྲུག་ངེད་གཉིས།།

ཆུ་མགོ་བསྐོར་ནས་ཕེབས་འགྲོ།

ཆུ་ཆེན་མར་འགྲོ་ཤིག་ལ།།

བྲིས་པའི་ཡིག་ཆུང་བསྐུར་ཡོད།།

ཉ་མོ་ཡར་འོངས་ཤིག་ལ།།

ཡིག་ལན་མགྱོགས་སུ་བསྐུར་རོགས།།

 

རི་འགོ་མཐོན་པོ་བྱ་རེད།།

གསེར་གྱི་ལོ་མ་སྒྲོ་རེད།།

སྒྲོ་དངུལ་གཉིས་ཀྱི་མཚམས་སུ།།

ཅང་ཞིག་རྒྱུག་ན་ཨ་ཆོག།

 


རི་འདི་གསེར་གྱི་རི་རེད།།

ཆུ་འདི་དངུལ་གྱི་ཆུ་རེད།།

གསེར་དངུལ་གཉིས་ཀའི་མཚམས་སུ།།

བྱུ་རུའི་ཕྲ་རྒྱན་བཏབ་ཆོག།

 

ཡར་སྟེང་སྤང་ཀའི་སྒང་ལ།།

སེར་ཆེན་མེ་ཏོག་སྟོང་ལྡན།།

གསེར་སྦྲང་གཡུ་སྦྲང་མཐུན་ན།།

རྩི་བཅུད་མཉམ་འཐུང་བྱེད་ཆོག།

 

ཕྱི་ཡི་དཀར་ཡོལ་དཀར་དཀར།།

ནང་གི་འོ་མ་དཀར་དཀར།།

བར་གྱི་རང་སེམས་དཀར་དཀར།།

དཀར་པོ་གསུམ་གྱི་གྲལ་འགྲིག།

 

ལྕང་མ་ང་ཡིས་བཙུགས་ཡོད།།

ལྕང་ཆུ་ང་ཡིས་བླུགས་ཡོད།།

ལྕང་མའི་ལོ་ཕྱུག་རྒྱས་དུས།།

བདག་པོ་གཞན་གྱིས་བརྒྱབ་སོང་།།

ཆུང་འདྲིས་ལ་མོའི་ཕར་རྒྱབ།།

ང་རང་ལ་མོའི་ཚུར་རྒྱབ།།

ལྟ་རེས་མཐོང་རེས་མེད་ཀྱང་།།

ཡིག་ཆུང་སྐུར་རེས་བྱེད་ཆོག།

 

སྤང་ཀ་བཀྲ་ཤིས་གདོང་བརྒྱད་ལ།།

གཡོན་ཕྱོགས་བྱ་འབྲུག་ཁ་སྤྲོད་རེད།།

གཡས་ཕྱོགས་ལི་ཆུ་སྔོན་མོ་རེད།།

ཁོག་པོ་གཡའ་ཡིས་གང་ཉིན་ལ།།

ཞེ་ཆགས་ཞེ་མཐུན་དགའ་ལེ་མིན།།

 

སྟར་གའི་སྡོང་བོར་རྡོ་ཞིག་རྒྱབ།།

ཉི་ཤུ་ཐམ་པ་ས་ལ་ལྷུང་།།

བཅུ་དགུ་ལྷ་ལ་ཕུལ་བཞག་ཡོད།།

གཅིག་དེ་རང་གིས་ཟ་བཞག་ཡོད།།

 

དཀར་དཀར་ཁུར་ཤོག་དམར་དམར་བཙོ།།

དམར་དམར་བཙོ་བའི་ལས་ཤིག་སྣང་།།

རྒྱ་དངུལ་ཁུར་ཤོག་ཨ་ལོང་རྡུང་།།

ཁྲ་རྒྱན་གཙུགས་པའི་ལས་སྣང་ལགས།།

 

སྒེ་འུ་ཆུང་ཆུང་རྒྱབ་ལ་ཁུར།།

རིན་ཆེན་རིལ་བུ་ནང་ལ་བཅུག།

རྩ་བའི་བླ་མས་མ་རིག་སར།།

རེ་རེ་ཟ་ན་ཨ་སྐྱོན་ནམ།།

 

སྟག་སེར་གདོང་དང་ཝ་སེར་གདོང་།།

སྟག་དམར་གདོང་དང་ཝ་དམར་གདོང་།།

སེར་དམར་འདྲེས་ནས་འགྲོ་ཉིན་ལ།།

རི་སྤྱང་མིག་ལོག་མ་སྡང་རོགས།།

ཨ་མཐུན་ངེད་གཉིས་མ་མཐུན་གོང་།།

མཐུན་རེད་ཟེར་མཁན་སུ་རེད་གོ།

མཐུན་རེད་ཟེར་མཁན་རྒྱ་གྲོང་རེད།།

ཨ་མཐུན་ངེད་གཉིས་མཐུན་པའི་རྟགས།།

 

དྭངས་མོ་མ་དང་དྭངས་མོ་མ།།

རི་སྐེད་ཆུ་མིག་དྭངས་མོ་མ།།

མི་དྭངས་དགུ་དྭངས་མ་བཟོ་རོགས།།

མཛོ་རྒན་བརྒྱ་ཡིས་འཐུང་འཕྲོ་རེད།།

 

མཛེས་པོ་མ་དང་མཛེས་པོ་མ།།

ཇ་མདོང་སྦ་ཁྲ་མཛེས་པོ་མ།།

མི་མཛེས་དགུ་མཛེས་མ་བཟོ་རོགས།།

བསོ་ལོ་བརྒྱ་ཡིས་སྲུབ་འཕྲོ་རེད།།

 

རི་ཆེན་རི་ཆུང་འཛོམས་ས་ལ།།

ཡུ་མོ་སྐྱིད་པོ་མེད་ན་ཡང་།།

མི་སྐྱིད་སྐྱིད་མདོག་མ་བཟོ་ན།།

གསེར་རི་འདྲེན་སྟབས་མི་བདེ་དོ།།

 

ཆུ་སྐྱེས་ཨུཏྤལ་གུར་གུམ་གསུམ།།

སྐྱེ་ས་མི་གཅིག་ཁ་ཁ་རེད།།

འཛོམས་ས་ཆོས་ཁང་ཁྲ་མོ་ནང་།།

ད་ལོ་འཛོམས་པའི་སྨོན་ལམ་ཤོག།

མཚོ་ཆེན་ནང་ན་རྡོ་ཞིག་འཕེན།།

གསེར་མིག་ཉ་མོ་མ་དགའ་ཐལ།།

མ་དགའ་ན་ཡང་མ་དགའ་བཅུག།

ཉིན་རེར་རྡོ་རེ་ཆད་ལེ་མིན།།

 

རྫ་རི་སྔོན་པོའི་ཁ་མཚམས་ལ།།

གངས་རི་ཨ་ཆགས་མི་ཆགས་རེད།།

གངས་རི་མི་ཆགས་འགྲོ་ཉིན་ལ།།

གངས་ཆུ་འུ་གཉིས་མཉམ་འགྲོ་བཟོ།།

 

རྐྱང་བརྒྱ་ཅང་སྟོང་མིག་གིས་འཚོ།།

རག་ཕྲུག་ཁ་དཀར་སེམས་ཀྱིས་འཚོ།།

རྐྱང་བརྒྱ་འཚོ་མདོག་མ་བྱེད་ན།།

རག་ཕྲུག་འཚོ་ཁས་མི་བདེ་དོ།།

ཨ་མ་མ་ལོ་སྐུ་ཚེ་རིང་།།

མཐུན་པའི་རོགས་ལ་མངགས་རོགས་གྱིས།།

མཐུན་པའི་རོགས་ལ་མངགས་བཞག་ན།།

ཤྭ་ཕོ་བསད་པའི་དགའ་སྤྲོ་སྣང་།།

 

ཁྱོད་རྒོད་མའི་རྗེས་ཀྱི་རྟེའུ་དེ།།

སྐྱིད་མ་ཞོ་ནུ་བཞིན་སྤང་ལ་འགྲོ།

དགའ་དེ་དུས་ཨེ་སྐྱིད་མ་ཤེས་ན།།

ལ་མཐོན་པོ་བརྒལ་དུས་སྐྱིད་རྒྱུ་མེད།།

རྟ་རྐྱང་དཀར་འགྲོས་ཡག་ཁ་དཀར་མ།།

རྟ་ཁྱེད་ལ་རྟ་བདག་ཨེ་ཡོད་དམ།།

རྟ་ཁྱེད་ལ་རྟ་བདག་མེད་བཞག་ན།།

ཚེ་གཅིག་ལ་གསེར་སྒ་ང་ཡིས་རྒྱབ།།

 

ང་རྫ་ཆུ་འཐུང་ཞོར་ཡར་ཡར་འོང་།།

ཁྱེད་རྫ་རྩྭ་ཟ་ཞོར་མར་མར་ཤོག།

གཡང་སྤང་ཀ་སྟེང་ལ་འཛོམས་རྒྱུ་བཟོ།།

གཏམ་སྙན་མོ་འདྲ་ལེ་དེ་དུས་བཤད།།

 

ང་ཡོད་ས་རྫ་རིའི་རྫ་སྟོད་རེད།།

ཁྱེད་ཡོད་ས་རྫ་རིའི་རྫ་སྨད་རེད།།

རྫ་སྟོད་སྨད་རྒྱང་སོང་མ་བསམ་རོགས།།

སེམས་བསམ་པ་མཉམ་འགྲོ་མཉམ་འདུག་རེད།།

 

ཁྱོས་ཨ་ཕའི་མེ་མདའ་ཁུར་ནས་ཤོག།

ངས་ཨ་མའི་མགོ་ཆ་བཏགས་ནས་འོང་།།

ལམ་ཀྱོག་གུག་མཚམས་ནས་འཛོམས་རྒྱུ་བཟོ།།

ལམ་དེ་ལ་ར་འདའ་སླེབ་ཡོང་ན།།

ཁྱོས་ཁྲ་ཁྱིལ་ལེ་བཏགས་ནས་བསྡད་ཁག་བྱོས།།

ངས་སྔོ་ཆེད་སེ་བོག་ཅིག་འཕེན་ཁག་བྱེད།།

ཁྱོད་འགྲོས་ཡག་མ་དང་འགྲོས་ཡག་མ།།

ཁྱོད་རྐྱང་གི་རྟེའུ་ཆུང་འགྲོས་ཡག་མ།།

བདག་བཟང་པོས་གསེར་སྒ་མ་རྒྱབ་གོང་།།

འགྲོས་གོམ་པས་རྗེས་ཤིག་ཨེ་བཞག་གོ།

 

དགའི་རོགས་བརྒྱ་རོགས་སྟོང་ང་ལ་མེད།།

གཅིག་ཡོད་དེ་ནམ་མཁའི་ལྷ་དང་འདྲ།།

ལྷ་འདྲ་བའི་མངོན་ཤེས་མེད་ན་ཡང་།།

རོགས་མང་པོའི་དབུས་ན་ལྷ་དང་འདྲ།།

 


ས་ཨ་ཆེན་བཀྲ་ཤིས་ཐང་མགོ་ལ།།

རྩྭ་ཉི་ལི་ཡར་འདབ་མར་འདབ་རེད།།

ཟ་བསམ་ན་སུ་རིའི་གསེབ་ནས་ཤོག།

ཟ་མ་བསམ་རྩྭ་མགོ་སྣོག་དགོས་མེད།།

 

རྟ་དཀར་དཀར་དུང་དཀར་འདྲ་ལེ་དེ།།

དགའ་ཡར་སྟེང་སྦུག་ན་ལོ་གསུམ་བསྡད།།

སྒ་གསེར་སྒ་མེད་པས་མ་རེད་དེ།།

དཀར་ཏིང་ཏིང་ལོ་གསུམ་བསྡད་ན་བསམ།།

 

ལམ་སྐྱ་མོ་རི་ཡི་སྐེ་རགས་བཟོ།།

རྩྭ་ཉག་མ་རི་ཡི་ཚ་ལོ་བཟོ།།

དམར་སིལ་སིལ་ཚ་ལོ་འཕེན་ཉིན་ལ།།

ལ་ཕར་རྒྱབ་བླ་མས་ཅི་བསམ་མོ།།

 

མཛོ་ཁྱུང་དཀར་ཤོ་མིག་གདོང་ཁྲ་ཅན།།

ཁྱོས་སྒང་རྩྭ་མ་གཏོགས་མི་ཟ་ཟེར།།

དགུན་ཁ་མིན་ཆར་ཞིག་འབབ་དུས་སུ།།

ཁྱོས་སྒང་རྩྭ་ཨ་ཟ་ང་ཡིས་བལྟ།།

 

རི་གསེར་རི་སེར་པོའི་ལ་ཁ་ལ།།

གསེར་སེར་པོའི་བྱེའུ་ཕྲུག་ལྡིང་ལ་ཁད།།

འཇུ་བསམ་པའི་རེ་བ་མ་རྒྱག་རོགས།།

ལྟ་བསམ་ན་ལྟད་མོ་རྒྱང་ནས་ལྟོས།།

ཁྱོད་འབྲི་རྒན་རྭ་ཁྲ་ཐིལ་ནག་མ།།

ཁྱོད་འབྲོང་ལ་ཨ་ཐེ་འབྲི་ལ་ཐེ།།

ཁྱོད་འབྲི་ལ་ཐེ་ན་གདང་ལ་ཤོག།

དགའ་གསེར་ཟམ་ང་ཡིས་གཙུགས་སྟངས་བཟོ།།

 

རི་གསེར་རི་སེར་པོའི་མདའ་སྟོང་ཁར།།

ཤྭ་ཕོ་ཆེན་ཨ་འོང་སྒུག་སྒུག་བཟོ།།

ཤྭ་ཕོ་ཆེན་མི་འོང་ཐག་གིས་ཆོད།།

མགོ་དུང་རྭ་ཡིད་ལ་ཝ་ལེ་ཤར།།

 

ཁྱོད་ན་ནིང་སྤང་དེ་སྤྱང་ཀི་འདྲ།།

ལ་རེ་རེ་བརྒལ་དུས་ཕྱི་བལྟས་མེད།།

ང་ན་གཞོན་བུ་དེ་ཁུ་བྱུག་འདྲ།།

དགའ་ན་ནིང་གྲགས་སར་ད་ལོ་གྲག།

 

ངའི་དགའ་བའི་རོགས་དང་དགའ་བའི་རོགས།།

རྡོ་གྲུ་བཞི་ཁུར་ཤོག་དགའ་བའི་རོགས།།

གཏམ་ཅི་བཤད་རྡོ་ལ་རི་མོ་འབྲི།།

རྡོ་ཆག་ཀྱང་རི་མོ་ཡལ་རྒྱུ་མེད།།

 

ང་གདོང་རིའི་གདོང་ལ་ཡར་ཡར་འགྲོ།

ངས་ལབ་རྩེ་ལྟག་མར་ལབ་དར་བཏགས།།

འོག་ལབ་རྩེ་བར་མ་མ་དགའ་ཐལ།།

ཁོ་མ་དགའ་ན་ཡང་མ་དགའ་བཅུག།

 

ཁྱོད་རྫ་རིའི་རྫ་སྟོད་བདེ་མོ་བཞུགས།།

ང་རྫ་ཆུ་བསིལ་མ་འགྲོ་མི་རེད།།

ང་འགྲོ་མི་རེད་ཐལ་མ་བསམ་རོགས།།

སླར་རྫ་རིའི་ཕྱོགས་སུ་འཁོར་ནས་ཡོང་།།

 

ང་ནགས་ལ་སྡོད་པའི་རྒོད་ཕྲུག་བྱ།།

ང་མ་གཞི་ས་ལ་བབ་ལེ་མིན།།

འབབ་དགོས་པའི་དུས་ཤིག་སླེབ་ཡོང་ན།།

བྲག་གང་མཐོར་བལྟས་ནས་བབ་ཆོག་གོ།

ཤིང་རྒྱ་ལྕང་མགོ་ཡི་ཁུ་བྱུག་ང་།།

ཚེ་སྐྱིད་རེས་སྡུག་རེས་གཉིས་ཡོད་ཟི།།

ཚེ་སྐྱིད་དུས་རྒྱ་ལྕང་མགོ་ལ་ཡོད།།

གླུ་སྙན་པོ་ལེན་ཞིང་སྦྲང་ཆུ་འཐུང་།།

ཚེ་སྡུག་དུས་རྒྱ་ལྕང་འོག་ན་ཡོད།།

མགོ་སྒུར་ཞིང་སྒུར་ཞིང་རྒུམ་འབུ་འཐུ།།

 

སྟོད་གསེར་རི་སེར་པོ་ལ་ཁ་ལ།།

བྱ་གསེར་བྱ་གསུམ་གྱིས་ལྡིང་སྐོར་རྒྱབ།།

དགའ་ད་ལྟར་གསེར་བྱ་མཉམ་བབས་རེད།།

བྱང་ཕ་ཕྱོགས་འགྲོ་ལམ་ཁ་ཁ་རེད།

སང་ཁ་ཁ་རེད་ཐལ་མ་བསམ་རོགས།།

ལས་རྒུམ་འབུ་ཕྱོགས་གཅིག་འཚོལ་རེས་བཟོ།།

 

ཁྱོད་མ་འགྲོ་ང་ལ་གཏམ་ཞིག་ཞོག།

གཏམ་ཆ་རུ་འདྲ་ལེའི་གཏམ་ཞིག་ཞོག།

ངས་ཆ་རུ་བེའུ་ཆུང་སྐེ་ལ་བཏགས།།

བེའུ་བཏགས་རེས་བཏང་རེས་དྲན་རེས་བཟོ།།

 

ཁྱོད་ངང་བ་སེར་པོ་མཚོ་ཁའི་བྱ།།

མཚོ་སྔོན་མོ་མི་མཇལ་ལོ་གསུམ་རེད།།

བྱ་ང་ལ་མནའ་མེད་མ་ཟེར་རོགས།།

ས་ཁ་ཐག་རྒྱང་བས་མ་སླེབས་ཐལ།།

 

བྱ་ཁུ་བྱུག་ཐག་རིང་མགྲོན་པོ་རེད།།

ཤིང་རྒྱ་ལྕང་ཡོད་ས་རྒྱ་རྫོང་རེད།།

ཁྱོད་ཐག་རིང་མགྲོན་པོ་མ་འགྱུར་ན།།

ང་རྒྱ་ལྕང་མི་འགྱུར་ཁོ་ཐག་ཡིན།།

 


ཁྱོད་མཚོ་ཆེན་ཁ་ཡི་མེ་ཏོག་དེ།།

ངས་འཐུ་འདོད་སེམས་ནང་བཞག་ཡོད་ཀྱང་།།

མཚོ་སྔོན་མོ་ཀྱག་གེ་ཀྱོག་གེ་རེད།།

ངས་ཤིང་གྲུ་བཏང་ཁ་མི་བདེ་དོ།།

ངའི་ཕ་ཡུལ་མཚོ་ཆེན་ལུང་པ་རེད།།

ངའི་ཆུས་འདྲིས་ངང་བ་སེར་པོ་རེད།།

མཚོ་སྔོན་པོ་དར་གྱིས་མ་གཡོག་བར།།

ཁྱོད་འུ་གཉིས་འགྲོ་ལམ་མ་ཆད་སྨོན།

 

ངའི་བྱམས་པ་ཡོད་ས་ལ་མང་རྒྱབ།།

ངས་ཨ་སྐྱིད་ཨ་སྡུག་མི་རིག་དོ།།

ངས་ཨ་སྐྱིད་ཨ་སྡུག་སྤྲིན་མགོ་འཚོ།།

སྤྲིན་དཀར་པོ་ཡོང་དུས་སྐྱིད་པའི་རྟགས།།

 

སྤྲིན་ནག་པོ་ཡོང་དུས་སྡུག་པའི་རྟགས།།

སྤྲིན་ནག་པོ་མི་འོང་སྨོན་ལམ་འདེབས།།

སྤྲིན་དཀར་པོ་ཡོང་བའི་སྨོན་ལམ་འདེབས།།

ཚེ་གཅིག་ལ་སྐྱིད་པའི་སྨོན་ལམ་འདེབས།།

 

རྟ་རྐྱང་དཀར་འགྲོས་ཡག་ཁ་དཀར་མ།།

རྟ་ཁྱེད་ལ་རྟ་བདག་ཨེ་ཡོད་དམ།།

རྟ་ཁྱེད་ལ་རྟ་བདག་མེད་བཞག་ན།།

ཚེ་གཅིག་ལ་གསེར་སྒ་ང་ཡིས་བརྒྱག།

ཐང་ཆེན་པོ་མཎྜལ་ཕུལ་འདྲ་ལ།།

ཐང་ཁྱེད་ལ་རྩྭ་བདག་ཨ་ཡོད་གོ།

ཐང་ཁྱེད་ལ་རྩྭ་བདག་མེད་བཞག་ན།།

ཚེ་གཅིག་ལ་མེ་ཏོག་ང་ཡིས་གདབ།།

 

རི་ཆུང་ཆུང་མཆོད་པ་ཕུལ་འདྲ་ལ།།

རི་ཁྱེད་ལ་བདག་པོ་ཨ་ཡོད་གོ།

རི་ཁྱེད་ལ་བདག་པོ་མེད་བཞག་ན།།

ཚེ་གཅིག་ལ་ལྷ་བསང་ང་ཡིས་གཏང་།།

 

ཆུ་དྭངས་མོ་ཡོན་ཏན་བརྒྱད་ལྡན་ལ།།

ཆུ་ཁྱེད་ལ་བདག་པོ་ཨ་ཡོད་གོ།

ཆུ་ཁྱེད་ལ་བདག་མེད་བཞག་ན།།

ཚེ་གཅིག་གི་ཚེ་ཆུ་ང་ཡིས་འཐུང་།།

 

ཞལ་དཀྱིལ་འཁོར་བཅོ་ལྔའི་ཟླ་བ་རེད།།

མིག་ཕྲ་ཆུང་ཐོ་རངས་སྐར་ཆེན་རེད།།

ཚེམས་སོ་དྲུག་མུ་ཏིག་དཀར་པོ་རེད།།

ཁྱེད་མཛེས་མ་སྟོང་གི་སྟོང་ཕོད་རེད།།

སྐུ་བྱད་བཞིན་དཔྱིད་མགོའི་མེ་ཏོག་རེད།།

སྐྱེས་ཡག་པ་ནམ་མཁའི་ལྷ་མོ་རེད།།

སེམས་བཟང་པོ་རྗེ་བཙུན་སྒྲོལ་མ་རེད།།

ཁྱེད་སྨིན་ལེགས་འབུམ་གྱི་འབུམ་ཕོད་རེད།།

 

དགུན་ཟླ་གསུམ་མཚོ་མོ་དར་གྱིས་ཁེབས།།

ངའི་བསམ་པ་བརྩེ་བ་དྭངས་མས་ཁེངས།།

མཚོ་ཆེན་པོའི་དར་ཁ་ཞུ་ན་ཡང་།།

ངའི་བརྩེ་བ་འགྱུར་མེད་རྒྱ་མཚོ་ཡིན།།

 

དགུན་ལོ་ཟླའི་གྲང་རང་ཆེ་ན་ཡང་།།

སེམས་བསམ་པའི་བརྩེ་བ་མེ་བཞིན་དྲོ།།

དགུན་རྡུལ་རླུང་ཇི་ལྟར་འཚུབ་ན་ཡང་།།

སེམས་བསམ་པ་དཀར་པོ་དཀར་རྐྱང་ཡིན།།