ཡུལ་གེ་མང་གི་དམངས་ཁྲོད་བྲོ་ཚིག་སྙན་པའི་གསོལ་དབྱངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-27   རྩོམ་ཁུངས།    ཁམས་པའི་དྲ་བ།

图片


( ཨ་སྔོན། )

       ༡

དགུང་ཨ་སྔོན་སྐྱིད་པའི་ལྷ་ཁང་རེད།།

གསེར་ཉི་ལ་བྱམས་པའི་ཕ་མ་རེད།།

སྐར་ཚོགས་དྲུག་འཛོམས་དགའ་འཛོམས་སྐྱིད་རེད།།

       ༢

དགུང་ཨ་སྔོན་སྐྱིད་པའི་མཚོ་མོ་འཁྱིལ།།

གསེར་ཉི་འཇམ་པའི་དར་དཀར་ཆགས།།

སྐར་ཚོགས་དྲུག་དར་དཀར་རྒྱན་ཆ་རེད།།

       ༣

དགུང་ཨ་སྔོན་ཟུར་ལིང་ཐགས་ཀྱིས་འདྲེན།།

གསེར་ཉི་འཇམ་པའི་སྤུན་གྱིས་བཅུག།

རོགས་སྐར་བརྒྱ་ཁོག་འཇམ་སྤུན་འཇམ་རེད།།

       ༤

དགུང་ཨ་སྔོན་སྐྱིད་པའི་ཕ་ཡུལ་རེད།།

གསེར་ཉི་ལ་བརྩེ་བའི་མིང་སྲིང་རེད།།

སྐར་ཚོགས་དྲུག་འཛོམས་དགའ་འཛོམས་སྐྱིད་རེད།།

      ༥

དགུང་ཨ་སྔོན་གཡང་གི་གཡང་ཁང་རེད།།

གསེར་ཉི་ལ་གཡང་གི་ནོར་བུ་རེད།།

སྐར་ཚོགས་དྲུག་ནོར་བུ་རྒྱན་དྲུག་རེད། 

      ༦

དགུང་ཨ་སྔོན་སྟེང་ལ་འཛོམས་གསུམ་སྣང་།། 

གསེར་ཉི་མ་ཟླ་བ་སྐར་མ་གསུམ།།

ནམ་ཉིན་མཚན་མི་གཅིག་ཁ་ཁ་རེད།།

དགུང་ཨ་སྔོན་སྟེང་ལ་མཉམ་འཛོམས་རེད།།

      ༧

དགུང་གི་ཨ་སྔོན་སྟེང་ལ།།

གསལ་མོ་གསུམ་གྱི་གྲལ་སྡེབ།།

གཅིག་ནི་ཁྲི་གདུགས་ཉི་མ།།

གཉིས་ནི་དུང་ཆུང་ཟླ་བ། །

གསུམ་ནི་སྐར་མ་སྨིན་དྲུག།

      ༨

ཨ་སྔོན་རྩེ་ཡི་རྩེ་མོ་གཡང་གི་ས།།

ཁ་ཐག་རིང་པོ་ཉི་ཟླ་འཁོར་ས་རེད།།

ལས་དབང་ཅན་གྱི་སྐར་ཚོགས་བཀྲ་ས་རེད།།

      ༩

དགུང་སྔོན་མཐོན་པོ་ཕྱི་ལ་ཡོད་པའི་ཕྱི་ཡི་ལྕགས་རི་དེ་དང་གཅིག།

གསེར་ཅན་ཉི་ལ་ནང་ལ་ཡོད་པའི་ནང་གི་ནོར་བུ་དེ་དང་གཉིས།།

སྐར་སྤྲིན་ལོ་མ་ཟུར་ལ་ཡོད་པའི་ཟུར་གྱི་རྒྱན་ཆ་དེ་དང་གསུམ།།

བསོད་ནམས་ཡག་མོ་དགུང་སྔོན་མཐོན་པོའི་སྟེང་དུ་འཛོམས།།

     ༡༠

ཨ་སྔོན་རི་རྒྱལ་ལྷུན་པོ།།

རི་ལ་ཉི་མ་ཤར་བྱུང་།།

ཉི་མ་ཤར་ན་དགའ་བ།།

ཉི་འོད་ཕོག་ན་སྐྱིད་པ།།

     ༡༡

ས་བསོད་ནམས་ཆེ་ས་ཨ་སྔོན་རེད།།

གསེར་ཉི་མ་ཟླ་བ་འཛོམས་ས་རེད།།

སྐྱིད་སྐར་སྤྲིན་འཛོམས་པའི་སྨོན་ལམ་ཤོག།

     ༡༢

གསེར་ཉི་མ་ཟླ་བ་སྐར་མ་གསུམ།།

ངས་ཉི་མ་གཅིག་ལ་ཨེ་འཛོམས་བསམ།།

ཉིན་ཉི་མ་གཅིག་ལ་མ་འཛོམས་ཐལ།།

དུས་སྐལ་བ་བཟང་དུས་མཚམས་རེར་འཛོམས།།

      ༡༣

མི་འགྲོ་མི་འདུག་བསམ་ནས་ཨ་སྔོན་སྟེང་དུ་སླེབས་སོང་།།

མི་འཆམ་མི་རྩེད་བསམ་ནས་ཉི་ལ་ཁྱོད་དང་ཐུག་སོང་།།

བཀའ་དྲིན་མཐའ་ནས་རྒྱས་དུས་ཐུགས་ལ་དགོངས་པ་མ་ཚོམ།།

      ༡༤

དགུང་ཨ་སྔོན་ཟེར་ན་ས་སྐྱིད་རེད།། 

གསེར་ཉི་ལ་ཟེར་ན་སེམས་སྐྱིད་རེད།།

ས་སྐྱིད་སེམས་སྐྱིད་ཟེར་ན་མཉམ་འཛོམས་རེད།།

སྐྱིད་བཀའ་དྲིན་འཛོམས་པའི་སྨོན་ལམ་ཤོག།

       ༡༥

གཡུ་འབྲུག་སྔོན་མོ་ཨ་སྔོན་དབྱིངས་སུ་གྲགས།།

སྦྲང་ཆར་ཟིལ་མ་བར་སྣང་ཁམས་ནས་ཟིལ།།

སྨོན་ལམ་ཡག་མོ་ཨ་འབྲུ་ནས་ལ་ཕོག།

图片


       ༡༦

གནའ་ནས་ཆགས་པའི་ཨ་སྔོན་དེ་དང་གཅིག།

ཚེ་གཅིག་འགྲིམས་པའི་ཉི་ཟླ་དེ་དང་གཉིས།།

ད་ནངས་ཡོང་པའི་ལྷོ་སྤྲིན་དེ་དང་གསུམ།།

འཛོམས་ས་ཡག་མོ་ཨ་སྔོན་སྟེང་ལ་རེད།།

      ༡༧

ཨ་སྔོན་གཡང་གི་རི་ལ།།

རྟེན་འབྲེལ་ཡག་མོ་འགྲིག་བྱུང་།

གསལ་མོ་ཉི་ཟླ་འདྲ་ལེ།།

གཡང་གི་རི་ལ་འཛོམས་བྱུང་།།

བཀའ་དྲིན་པདྨ་འདབ་བརྒྱད།།

འཛོམས་པའི་སྨོན་ལམ་བཏབ་ཆོག།

     ༡༨

གཞལ་ཡས་དགུང་སྔོན་མཐོན་པོ།།

ཨ་མ་འབྲུག་མོའི་ས་ཆ།།

གསལ་མོ་ཉི་ཟླ་འདྲ་ལེ།།

རིགས་བཟང་མཁའ་འགྲོའི་གདུང་རྒྱུད།།

བཀའ་དྲིན་པདྨ་འདབ་བརྒྱད།།

དཔའ་བོ་དཔལ་མོའི་བྲོ་ར།།

     ༡༩

གཞལ་ཡས་དགུང་སྔོན་མཐོན་པོ།།

ལ་ཡི་སྒང་གི་ལ་ཁ།།

གསལ་མོ་ཉི་ཟླ་འདྲ་ལེ།།

ལ་ཡི་སྒང་གི་ལ་རྩེ།།

བཀའ་དྲིན་པདྨ་འདབ་བརྒྱད།།

ལ་རྩེ་དགུང་གི་ལ་དར།།

     ༢༠

གཞལ་ཡས་དགུང་སྔོན་མཐོན་པོ།།

རྒྱ་མཚོ་ཆགས་པའི་ཕོ་བྲང་།།

མགྲོན་པོ་གསེར་གྱི་ཉི་མ།།

རྒྱ་མཚོ་ནང་གི་ནོར་བུ།།

བཀའ་དྲིན་པདྨ་འདབ་བརྒྱད།།

ནོར་བུ་བསུ་བའི་རྒྱན་ཆ།

      ༢༡

ཤར་ནས་ཡོང་བའི་ཤར་སྤྲིན་དེ་དང་གཅིག།

ནུབ་ནས་ཡོང་བའི་ནུབ་སྤྲིན་དེ་དང་གཉིས།།

ད་ནངས་ཡོང་པའི་ཨ་སྔོན་དེ་དང་གསུམ།།

འཛོམས་མ་མྱོང་ཨ་སྔོན་སྟེང་དུ་འཛོམས།།

      ༢༢

ཤར་ཕྱོགས་ཤར་ནས་ཡོང་བའི་ཤར་གྱི་ཁྲི་གདུགས་ཉི་མ།།

ནུབ་ཀྱི་ཕྱོགས་ལ་མ་ཕེབས་ཨ་སྔོན་དཀྱིལ་ལ་བཞུགས་རོགས།།

འདི་ཕྱོགས་རྒྱལ་ཁམས་དྲོས་པའི་ཉི་ལ་ཁྱེད་འདྲ་མི་འདུག།

བཀའ་དྲིན་མཐའ་ནས་རྒྱས་དུས་སྨོན་ལམ་ཁྱེད་ལ་བཏབ་ཆོག།

     ༢༣

ཨ་སྔོན་ལ་རེ་ལུང་རེ།།

ལོ་ཆུང་འུ་ཚོའི་ཕ་ཡུལ།།

མགྲོན་པོ་གསེར་གྱི་ཉི་ལ།།

ལོ་ཆུང་ང་ཚོའི་ཕ་མ།།

བཀའ་དྲིན་མཐའ་ནས་རྒྱས་དུས།།

སྨོན་ལམ་རིམ་བཞིན་བཏབ་ཆོག།

      ༢༤

དགུང་ཨ་སྔོན་ཟེར་ན་རྒྱང་སྐྱིད་མ།།

རྒྱང་ཡག་པའི་ཐོག་ལ་ཉི་མ་ཤར།།

རྒྱང་སྐྱིད་པའི་ཐོག་ལ་དུང་ཟླ་གསལ།།

རྒྱང་དགའ་སྐྱིད་བར་ན་སྐར་ཚོགས་བཀྲ།།

ཚེ་སྐྱིད་སྐྱིད་འདི་འདྲ་སྐྱིད་པར་སྨོན།།

      ༢༥

ཕུགས་ལ་ཆགས་སྐྱིད་ཡག་མོ།།

གཞལ་ཡས་དགུང་སྔོན་མཐོན་པོ།།

འདི་ལ་མགྲོན་སྐྱིད་ཡག་མོ།།

མགྲོན་ཆུང་གསལ་མོ་ཉི་ལ།།

བཀའ་དྲིན་མཐའ་ནས་རྒྱས་དུས།།

དགའ་དང་སྐྱིད་ནས་འཛོམས་ཆོག།

      ༢༦

དགུང་ཨ་སྔོན་ཕ་རིའི་རི་ལ་ལ་བཙས་བརྩིགས།།

གསེར་ཉི་ལ་ཚུར་རིའི་རི་ལ་ལྷ་བསང་བཏང་།།

སྐྱིད་བཀའ་དྲིན་རི་འདབས་གསུམ་ལ་འཁྱིལ།།

བཀྲ་ཤིས་པའི་སྨོན་ལམ་ཕྱོགས་བཏབ་བཟོ།།

     ༢༧

དགུང་ཨ་སྔོན་གླིང་དེ་ནོར་བུ་གླིང་།།

གླིང་ནོར་བུ་ཁ་ལ་འཛོམས་གསུམ་སྣང་།།

ཤར་ཁྲི་གདུགས་འཁོར་ས་ཕ་ཡུལ་རེད།།

སྐྱིད་བཀའ་དྲིན་འཛོམས་པའི་སྨོན་ལམ་ཞུ།།

     ༢༨ 

དགུང་ཨ་སྔོན་ཕ་རིའི་ལ་དང་གཅིག།

གསེར་ཉི་ལ་ཚུར་རིའི་ཐང་དང་གཉིས།།

རོགས་སྐར་བརྒྱ་ལ་ཐང་བར་ན་འཛོམས།།

བཀྲ་ཤིས་པའི་སྨོན་ལན་ཕྱོགས་བཏབ་བཟོ།།

      ༢༩

དགུང་ཨ་སྔོན་མ་བཀོད་ལྷ་ཁང་རེད།།

གསེར་ཉི་ལ་མ་བོས་ལྷ་མགྲོན་རེད།།

རོགས་སྐར་བརྒྱ་འཛོམས་དགའ་འཛོམས་སྐྱིད་རེད།།

      ༣༠

དགུང་ཨ་སྔོན་ལྷ་ལུང་དར་དཀར་རེད།།

གསེར་ཉི་ལ་ལྷ་སྤྲུལ་རང་བྱོན་རེད།།

སྐར་ཚོགས་དྲུག་འཛོམས་དགའ་འཛོམས་སྐྱིད་རེད།།

བཀྲ་ཤིས་པའི་སྨོན་ལམ་རིམ་བཞིན་བཏབ།།