དབྱངས་ཅན་ལྷ་མོ་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཞུགས་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-25   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        རྐྱང་ལེབ་གངས་ཤུད་ལུས་རྩལ་པ་ཞིག་ཡིན་པའི་ངོས་ནས། ལོ18ལ་སླེབས་པའི་བུ་མོ་དབྱངས་ཅན་ལྷ་མོར་ད་ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་ཆོག་པའི་ཐོབ་ཐང་ཐོབ་ཡོད་པ་དང་། མིག་སྔའི་བར་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ཐོབ་ཐང་ཐོབ་པའི་བོད་ལྗོངས་ཀྱི་ལུས་རྩལ་པ་དང་པོར་གྱུར་ཡོད

དབྱངས་ཅན་ལྷ་མོས་ཨོ་སི་ཁྲུ་རི་ཡར་སྦྱོང་བརྡར་བྱེད་དུས།

        ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ1པོའི་ཚེས9ཉིན་སྤེལ་བའི་སྤྱི་ལོ2021ལོ་དང་སྤྱི་ལོ2022ལོའི་རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྐྱང་ལེབ་གངས་ཤུད་འགག་གྲོལ་རྗེས་སྙེག་གི་འཛམ་གླིང་བུམ་པའི་འགྲན་སྡུར་གྱི་ཨུ་རུ་སུའི་ས་ཚིགས་སུ། དབྱངས་ཅན་ལྷ་མོར་འདྲ་གཤིབ་ཨང17པའི་གྲུབ་འབྲས་ཐོབ་ནས་རྣམ་གྲངས་འདིའི་འཛམ་གླིང་བུམ་པའི་འགྲན་སྡུར་ཁྲོད་ཀྲུང་གོའི་བདམས་ཐོན་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད། 《རྐྱང་ལེབ་གངས་ཤུད་འགག་གྲོལ་རྗེས་སྙེག་རྣམ་གྲངས་ཀྱི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པའི་གདམ་གསེས་བྱ་ཐབས》ཀྱི་གཏན་འབེབས་གཞིར་བཟུང་། དབྱངས་ཅན་ལྷ་མོར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་ཆོག་པའི་ཐོབ་ཐང་ཐོབ་ཡོད།

དབྱངས་ཅན་ལྷ་མོའི་འགྲན་ཞུགས་པར་རིས།

སྤྱི་ལོ2004ལོའི་ཟླ1པོའི་ཚེས1ཉིན་སྐྱེས་པའི་དབྱངས་ཅན་ལྷ་མོ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་ཕུ་རོང་གྲོང་ཚོ་ནས་ཡིན་པ་དང་། ད་ལོར་ལོ18རེད། ཁོ་མོ་ནི་དེ་སྔོན་བོད་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭར་རྐང་རྩེད་སྤོ་ལོའི་ཆེད་ལས་སློབ་སྦྱོང་བྱེད་མཁན་ཞིག་ཡིན་པ་དང་། སྤྱི་ལོ2018ལོའི་ཟླ11པར་རིམ་པ་བཞིན་གདམ་གསེས་བྱས་པ་བརྒྱུད། ལས་རིགས་དང་རྣམ་གྲངས་ལས་བརྒལ་ནས་རྐྱང་ལེབ་གངས་ཤུད་ལུས་རྩལ་པ་ཞིག་ཏུ་གྱུར་བ་རེད། མིག་སྔར་དབྱངས་ཅན་ལྷ་མོའི་གྲུབ་འབྲས་ཡག་ཤོས་ནིFISསྐར་གསོག་འགྲན་སྡུར་གྱི་ཨང་གཉིས་པ་དང་ཨུ་རུ་སུའི་འཛམ་གླིང་བུམ་པའི་འགྲན་སྡུར་གྱི་ཨང17པ་ཡིན།

 

        པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་ཐོབ་ཐང་ཐོབ་པར་དབྱངས་ཅན་ལྷ་མོ་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་། རང་ཉིད་ནས་གྲ་སྒྲིག་གང་ལེགས་བྱས་ཏེ་རང་ནུས་གང་ཡོད་ཀྱིས་གྲུབ་འབྲས་སྔར་ལས་ཡག་པ་བརྩོན་ལེན་བྱ་རྒྱུ་དང་། རང་ཉིད་ཀྱི་ཆུ་ཚད་ཡག་ཤོས་འདོན་སྤེལ་ཐུབ་པ་བྱས་ཏེ་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།