བདེ་ཆེན་གྱིས་འགྲིམ་འགྲུལ་རྣམ་གྲངས་ལ་སྐུལ་འདེད་མགྱོཊ་པོ་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

2021་ལོར།

ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གིས་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་111.11་ལེགས་སྒྲུབ་བྱས་པ།

དུང་ཕྱུར་བརྒྱའི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ།

ལོ་འཁོར་གྱི་ལས་འགན་གྲངས་འབོར་སྒོར་དུང་ཕྱུར་80.02་ཟིན་པའི་138.85%

ཁུལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་གི་41.33%་བཟུང་བ།

        གཞུང་ལམ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་རེད། 2021ལོར་རང་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཐོག་མ་སྟེ་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་དང་སེམས་ཀྱི་ཉི་ཟླའི་ཤར་སྐོར་གཞུང་ལམ་གྱི་དུས་ཐེངས་དང་པོ་དང་འཇོལ་རྫོང་ནས་ཀུང་ཧྲན་བར་གྱི་གཞུང་ལམ་རིམ་སྤོར་སྒྱུར་བཀོད་སོགས་ཡུལ་སྐོར་ལམ་བུ་དང་། ཕྱུག་འགྱུར་ལམ་བུ་བཅས་7སྔ་རྗེས་སུ་བསྐྲུན་ཟིན་པ། སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་དང་། སེམས་ཀྱི་ཉི་ཟླ་ནས་ཕྱག་ཕྲེང་གི་རིམ་པ་གཉིས་པའི་གཞུང་ལམ། འབའ་ལུང་ནས་ཅུས་ཏེན་བར་གྱི་རིམ་གཉིས་གཞུང་ལམ། སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་གྱི་རིམ་གཉིས་གཞུང་ལམ་གསར་པ་སོགས་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་གཙོ་གནད་རྣམ་གྲངས་ཁག་གཅིག་བརྟན་པོའི་ངང་སྐུལ་འདེད་བཏང་བ། རྫ་ཆུའི་ཅང་ཤིས་གཞུང་ལམ་གྱི་དུས་ཐེངས་གཉིས་པ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤར་སྐོར་དུས་ཐེངས་གཉིས་པ་སོགས་རྣམ་གྲངས་8བདེ་བླག་ངང་ལས་འགོ་ཚུགས་པ་རེད། མིག་སྔའི་བར་ཁུལ་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་8700་ལས་བརྒལ་ཡོད།


        ལྕགས་ལམ་འཆར་འགོད་དང་འཛུགས་སྐྲུན་ལས་དོན་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ཡོད། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཐད་ཚད་བརྒལ་ཆེན་པོ་བྱུང་བ་དང་ཡུས་ལུང་རི་བོ་དང་ཧ་པ་གངས་རིའི་ཕུག་ལམ་འཕྲེད་ཕུག་ཕྱོགས་ཡོངས་ནས་ཏལ་འབིགས་ཐུབ་ནས་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་སྒུལ་འཁོར་དུས་རབས་སུ་སླེབས་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད། ལྕགས་ལམ་གྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་དང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་སྟེ་སེམས་ཀྱི་ཉི་ཟླའི་ས་ཚིགས་དང་ཡང་ཐང་ས་ཚིགས་གྱི་གཙོ་གཟུགས་ལས་མཇུག་འགྲིལ་བ་དང་སེམས་ཀྱི་ཉི་ཟླའི་ས་ཚིགས་མདུན་གྱི་ཐང་ཆེན་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་དང་ཤར་སྐོར་གྲོང་ཁྱེར་སྲིད་གཞུང་གི་འགྲོ་ལམ་སྦྲེལ་མཐུད་ལས་གྲྭའི་ལྕགས་ལམ་དང་འབྲེལ་བའི་དུམ་བུ་འཛུགས་སྐྲུན་ལས་མཇུག་འགྲིལ་བ་རེད།

        དམངས་སྤྱོད་མཁའ་འགྲུལ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཡོད། བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གི་དུས་ཐེངས་བཞི་པའི་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་མཇུག་འགྲིལ་བའི་ཞིབ་བཤེར་རྩིས་ལེན་དང་ལས་རིགས་ཀྱི་ཞིབ་བཤེར་རྩིས་ལེན་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་རང་འགུལ་ངང་མཁའ་འགྲུལ་ཁ་གསབ་སྒོར་ཁྲི་1019ཁ་ཐོག་ལག་བཞག་བྱས་པ་རེད། མིག་སྔའི་བར་ཤར་ཕྱོགས་མཁའ་འགྲུལ་དང་ཞང་ཕེང་མཁའ་འགྲུལ་སོགས་ཀུང་སི་8ཀྱིས་སེམས་ཀྱི་ཉི་ཟླའི་མཁའ་ལམ་གཉེར་སྐྱོང་བྱས་ནས་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་སོགས་རྒྱལ་ནང་གི་གྲོང་ཁྱེར་གལ་ཆེན་11ལ་ཤར་གཏོང་ཐུབ་ཡོད། 2021ལོར་བདེ་ཆེན་ནས་ཁུན་མིང་། ཁུན་མིང་ནས་ཧྲེན་ཀྲེན་གྱི་ཟོག་འདྲེན་གནམ་གྲུ་ཡོངས་ཀྱི་མཁའ་ལམ་ཐོག་མར་ཤར་གཏོང་ཐུབ་པ་དང་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

        ཆུ་ཐོག་སྐྱེལ་འདྲེན་འཛུགས་སྐྲུན་ཐད་ཚད་བརྒལ་ཆེན་པོ་བྱུང་ཡོད། གཞུང་ལམ་+གྲུ་ཁ+གསར་བརྗེའི་ཡུལ་སྐོར་བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་ནས་དམངས་ཕན་གྲུ་ཁ་7འཛུགས་སྐྲུན་ལེགས་སྒྲུབ་བྱས་ཏེ་རང་ཁུལ་གྱི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་སྔར་བས་ཕུན་སུམ་ཚོགས་སུ་དང་རྒྱ་ཆེར་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་རོགས་རམ་བྱས་ཡོད།