དགུན་ཁ་ཐོན་ན། ལུས་ལ་ཟ་འཕྲུག་ལངས་ཚད་མང་དོན་ཅི་ཡིན་ནམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-21   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།

    མི་ཁ་ཤས་དང་ལྷག་པར་དུ་ལོ་ལོན་ཚོའི་ལུས་ལ་རྒྱུན་པར་ཟ་འཕྲུག་ལངས་མོད། འོན་ཀྱང་། དགུན་ཁ་ཐོན་ཚེ། ལུས་ལ་ཟ་འཕྲུག་ལངས་ཚད་ཇེ་མང་ནས་ཇེ་མང་ཡིན། དེ་ན། དགུན་ཁར་ལུས་ལ་ཟ་འཕྲུག་ལངས་ཚད་མང་བ་དེ་ནད་ཕོག་པའི་རྐྱེན་ཡིན་ནམ་ཞེ་ན། དེ་རིང་། ང་ཚོས་མཉམ་དུ་རྒྱུས་ལོན་ཞིག་བྱེད།

    གཅིག དགུན་ཁ་ཐོན་ན། ལུས་ལ་ཟ་འཕྲུག་ལངས་ཚད་ཇེ་མང་ཡིན་དོན་ཅི་ཡིན་ནམ།

    ཀ ལོ་ལོན་གྱི་ལུས་ཡོངས་ལ་ཟ་འཕྲུག་ལངས་པ་ནི་ཁོང་ཚོའི་སྐྱི་མོ་རྒས་པའི་དབང་གིས། སྐྱི་ཚིལ་རྨེན(皮脂腺)གྱི་བྱེད་ནུས་ཇེ་ཆུང་དུ་ཕྱིན་ནས་སྐྱི་ཚིལ(皮脂)གྱི་ཟགས་དངོས་ཇེ་ཉུང་དུ་སོང་བ་ལས་སྐྱི་མོ་སྐམ་ཤས་ཆེ་བ་དང་རྙིད་པར་གྱུར་ཏེ་ཟ་འཕྲུག་ལངས་པ་ཞིག་ཡིན།

    ཁ ལུས་པོར་ཁྲུས་བྱེད་ཐེངས་མང་བའམ་ཡང་ན་ཆུའི་དྲོད་ཚད་མཐོ་དྲགས་པ། ཡང་ན་ཚྭ་གཤིས་ཆེ་བའི་འདག་ཆལ་སྤྱད་པ་སོགས་ཡིན་ན། སྐྱི་མོ་སྐམ་པར་གྱུར་ནས་ཟ་འཕྲུག་ལངས་པ་ཡིན།

    ག སྟོན་དགུན་གྱི་དུས་སུ། མཁའ་རླུང་ལ་སྐམ་གཤིས་ཆེ་བའི་དབང་གིས་ཀྱང་སྐྱི་མོ་སྐམ་པ་ལས་ཟ་འཕྲུག་ལངས་ཚད་ཇེ་མང་དུ་འགྲོ་བར་བྱེད་པ་ཡིན།

image.png

    གཉིས། དགུན་ཁར་སྐྱི་མོ་ལ་ཟ་འཕྲུག་ལངས་ན་ཇི་ལྟར་བྱེད་དམ།

    སྐྱི་མོ་ལ་ཟ་འཕྲུག་ལངས་ན། སེན་མོས་འཕྲུག་པ་ནི་རྒྱུན་ལྡན་གྱི་སྤྱོད་སྟངས་ཤིག་ཡིན་ལ། འདི་ནི་ཆེས་ཐད་ཀར་གྱི་བྱེད་ཐབས་གོ་ཆོད་དེ་ཡང་ཡིན།

ཡིན་ནའང་། སེན་མོས་འཕྲུག་པ་ལས་ཟ་འཕྲུག་ལངས་པའི་ནད་རྟགས་འདི་གསོ་བཅོས་བྱེད་མི་ཐུབ་པར་མ་ཟད། ད་དུང་ཡང་ནས་བསྐྱར་དུ་སེན་མོ་ཡིས་འཕྲུག་པ་ཡིན་ན། སྐྱི་མོ་དམར་པོར་འགྱུར་བ་དང་སེན་ཤུལ་གཏོད་པ། སྐྲངས་པ་སོགས་བྱུང་ནས་སྐྱི་མོ་ལ་རྨས་སྐྱོན་ཐེབས་པ་དང་། ཚབས་ཆེ་ན། ཁྲག་བཞུར་བ་དང་སྐྱི་མོ་རེད་པ། ཐ་ན་རྨ་ཤུལ་འཇོག་པའང་ཡོད།

image.png

    གལ་ཏེ་ཟ་འཕྲུག་ལངས་པ་འདི་བསལ་འདོད་ན། ནམ་རྒྱུན་གྱི་འཚོ་བའི་གོམས་གཤིས་བསྒྱུར་བ་ནས་བསྒྲུབ་ཆོག་པ་སྟེ།

    ཀ སྐྱི་མོ་རློན་པ་བྱེད་པ་སྟེ། བརླན་འཛིན་བྱུག་རྫས(保湿霜)འོས་འཚམ་ངང་བསྐུས་ཏེ་སྐྱི་མོའི་བརླན་ཚད་སླར་གསོ་བྱེད་དུ་འཇུག་པ།

    ཁ ལུས་པོར་ཁྲུས་བྱེད་ཐེངས་ཇེ་ཉུང་དུ་གཏོང་བ་དང་། ཆུ་ཚ་མོས་བཀྲུས་ནས་ཟ་འཕྲུག་སེལ་བ་སོགས་བྱེད་མི་རུང་།

    ག སེམས་པ་ལྷོད་ལྷོད་བྱས་ཏེ་འཚོ་བར་གོ་རིམ་ཡོད་པར་བྱེད་པ།

    ང ནང་གོས་འཇམ་པོའི་རིགས་གོན་པ་དང་། རྒྱུ་ཆ་བལ་དང་གསོ་མ། སྲིན་སྐུད་སོགས་ཡིན་པའི་ལྭ་བའི་རིགས་འདེམ་པ།

    ཅ ཆང་དང་ཇ་ཁ་མོའི་རིགས་མི་འཐུང་ཞིང་། ཁ་ཚ་དང་གཡེར་མ་སོགས་མི་བཟའ་བའམ་ཡང་ན་བཟའ་རྒྱུ་ཉུང་བར་བྱེད་པ།

    ཆ ནུས་ཚོད་ཀྱིས་འཚོ་བའི་ཁོར་ཡུག་མི་ལེགས་པ་ལ་འགྱུར་ལྡོག་གཏོང་བ་བཅས་བྱ་དགོས།

image.png

    གསུམ། ཟ་འཕྲུག་ལངས་པའི་གནས་ཚུལ་ཅི་འདྲ་ཡིན་དུས་སྨན་པར་བསྟེན་དགོས་སམ།

    ཀ ཟ་འཕྲུག་ལངས་ཚད་ཇེ་ཉུང་དུ་མི་འགྲོ་བ་དང་། གཟའ་འཁོར་གཉིས་ཙམ་འགོར་ཡང་སྔར་ལྟར་ཡིན་པ།

    ཁ ཟ་འཕྲུག་ལངས་ནས་རྒྱུན་ལྡན་གྱི་འཚོ་བ་དང་བྱ་བ། ཐ་ན་ངལ་གསོ་སོགས་ཀྱང་བྱ་མི་ཐུབ་པ།

    ག གློ་བུར་དུ་ཟ་འཕྲུག་ལངས་ཤིང་། རྒྱུ་རྐྱེན་གང་ཡིན་མི་ཤེས་པ།

    ང ལུས་ཡོངས་ལ་ཟ་འཕྲུག་ལངས་པར་མ་ཟད། ད་དུང་ཡང་ནས་བསྐྱར་དུ་འབྱུང་བ།

    ཅ ཟ་འཕྲུག་ལངས་པའི་མཉམ་དུ། ངལ་དུབ་ཆེ་བ་དང་ལུས་པོ་རིད་པ། གཅིན་སྐྱག་གཏོང་བའི་ཐེངས་གྲངས་ཇེ་མང་ཡིན་པ། ཚ་རྒྱས་པའམ་ཡང་ན་སྐྱི་མོ་དམར་པོར་གྱུར་པ་སོགས་ཀྱི་ནད་རྟགས་ཡོད་ཚེ། འཕྲལ་མར་སྨན་པ་ལ་བསྟེན་དགོས།