མ་ཕམ་གཡུ་མཚོའི་གཏམ་རྒྱུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-17   རྩོམ་ཁུངས།    ཁམས་པའི་དྲ་བ།

    གནའ་སྔ་མོ་ཞིག་ལ། མཐའ་བཞི་གངས་རི་དཀར་པོས་བསྐོར་ཞིང་རྩྭ་རྩི་ཤིང་གི་ལོ་འདབ་དབུལ་ཡང་། ནམ་མཁའི་གཡའ་དག་ཅིང་ས་གཞིའི་རྡུལ་དག་པའི་ས་ཆ་ཞིག་ཡོད། ས་དེ་ན་ཡིད་སེམས་འགུག་པའི་བཤད་རྒྱུན་མང་བར་མ་ཟད་བརྩེ་སེམས་འོ་མཚོ་ལྟ་བུ་དང་གཞུང་རྒྱུད་སྨྱུག་མ་འདྲ་བའི་རྒྱལ་སྲས་གཟི་བརྗིད་ཀྱིས་ཁེངས་པ་ཞིག་ཀྱང་འདུག།

  ཉིན་ཞིག་ལ་རྒྱལ་སྲས་དེས་ཐག་ཉེ་རིང་གི་བློན་དང་བཀའ་བློན་ཐམས་ཅད་ཕོ་བྲང་དུ་བསྡུས་ཏེ། སྟོན་མོ་གཟབ་ཅིང་རྒྱ་ཆེ་བ་ཞིག་བྱས་ནས་བཀའ་བློན་ཞིག་ཁྲིད་དེ་ཕོ་བྲང་གི་ཕྱི་རོལ་དུ་འཆམ་འཆམ་ལ་ཕྱིན། དེ་ནས་ཁོང་རྒྱལ་བློན་གཉིས་ཀ་ཕྱིན་ས་ནས་རྒྱལ་སྲས་ཀྱིས་འཁྱག་ལྟོགས་ཀྱིས་མནར་ནས་མ་བཟོད་པར་ལམ་འགྲམ་དུ་གཡས་ལོག་གཡོན་ལོག་གིས་དབུགས་ཀྱི་རྒྱུ་བ་སྐྱོང་ཐབས་ཙམ་བྱེད་བཞིན་པའི་སྤྲང་པོ་མང་པོ་མཐོང་སྟེ། ཕྱིར་ལོག་པའི་ལམ་དུ་ཡིད་སེམས་ཧ་ཅང་སྡུག་ནས་མིག་མཐར་མཆི་ཞགས་བཅིངས་ཏེ་བློན་པོ་ལ་ཁྱེད་ཀྱིས་བལྟས་ན་ཐབས་ཅི་ཞིག་སྤྱད་ཚེ་ད་གཟོད་མི་འདི་དག་གི་སྡུག་བསྔལ་སེལ་ཐུབ་ཅེས་དྲིས་པར་བློན་པོ་ཡིས་མི་ཡི་འཚོ་གཞི་ཟས་ལ་བརྟེན་དགོས་པས་ཁོ་ཚོ་ལ་སྦྱིན་པ་གཏོང་ན་རིགས་ཞེས་བཤད་པ་རྒྱལ་སྲས་ཀྱིས་གསན་རྗེས། དེ་ནས་གདོང་གསར་རིན་པོ་ཆེའི་ཕྱོགས་སུ་གཏད་དེ་རྒྱལ་ཁབ་ཡོངས་ཀྱི་དབུལ་པོ་རྣམས་ལོ་བཅུ་གཉིས་ལ་ཁོ་རང་ཉིད་ཀྱིས་གསོ་སྐྱོང་བྱེད་རྒྱུའི་དཔང་བཅོས། ཉིན་དེའི་ཕྱི་ཉིན་ནས་བཟུང་རྒྱལ་སྲས་ཀྱིས་བློན་ཐམས་ཅད་ས་ཆ་སོ་སོར་མངགས་ནས་སྤྲང་པོ་དང་འཚོ་བ་ལ་བརྟེན་གཞི་མེད་པའི་མི་རྣམས་གངས་རི་པོ་ཆེའི་འདབས་ལ་བསྡུས་ཏེ། ཁོང་ཚོ་ལ་ཟས་གོས་ལོངས་སུ་སྤྱོད་པ་དང་ཉིན་རེར་འབྲས་བཀྲུས་བའི་འབྲས་ཆུ་གངས་རི་པོ་ཆེའི་འདབས་ལ་འཕོ་རུ་བཅུག། དེ་ནས་ལོ་བཅུ་གཉིས་ཀྱི་རྗེས་སུ་འབྲས་ཆུ་དྭངས་ཤིང་གསལ་ལ་ཞབས་ཀྱི་རྡེའུ་ཡང་མཐོང་བའི་མཚོ་ཞིག་ལ་གྱུར། མཚོ་ཆུ་དེས་ལུས་ཀྱི་ཚིལ་རག་འཁྲུ་ཆོག་པར་མ་ཟད་སེམས་ཀྱི་སྡུག་བསྔལ་ཡང་འཁྲུད་ཐུབ། འཐུང་ན་ནད་ཡམས་མང་པོ་འཇོམ་པའི་མཚོ་ཁྱད་འཕགས་ཅན་འདི་ནི་དུས་ད་ལྟའི་བར་དུ་བོད་མིས་བཤད་བཞིན་པའི་མཚོ་ཆེན་བཞིའི་ཡ་གྱལ་མ་ཕམ་གཡུ་མཚོ་ཟེར་བ་དེའོ།།