རྩོམ་པ་པོ།   ཚེ་དོན།   ཡིག་བསྒྱུར།       དུས་ཚོད།   2022-01-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཨ་རིའི་ཟ་ཁང་གྲགས་ཅན་ཁུན་རྡི་ཅི་གསར་འཛུགས་གནང་མཁན་ཧར་ལོན་ཌིར་དང་འདྲ་བར། མིང་ལ་ཧར་རོས་ཟེར་བའི་རྒན་པོ་ཞིག་ཡོད་པ་དེ་ཡང་ལོ་ན་བརྒྱད་ཅུ་སོན་པའི་བར་དུ་མི་ཚེའི་རིན་ཐང་མ་རྟོགས་པར་དུས་ཚོད་ཆུད་ཟོས་བཏང་བའི་མི་ཞིག་ཡིན་པ་མ་ཟད། རླུང་རྟ་རྒྱུག་མཁན་ཞིག་ཀྱང་མིན། ལོ་བརྒྱད་ཅུ་ལ་སོན་རག་བར་དུ། ཁོ་ནི་རྒྱུན་པར་དོན་དག་ཅི་ཡང་མེད་པར་ཇ་ཁང་ཆང་ཁང་འགྲིམས་ནས་འཚོ་བ་རོལ་ཞིང་གཞན་ལ་ཁ་བརྡ་བྱེད་རྒྱུ་ར་དགའ། ནམ་ཞིག་གི་ཚེ་ཁོས་སྔར་བཞིན་འདི་ལྟར་འཚོ་བ་རོལ་ནས་སོང་ན་རང་གི་མི་ཚེ་ལ་འགྱོད་སྣང་ལས་ཅི་ཡང་ལྷག་མེད་པའི་བསམ་ཚུལ་སྐྱེས།
ཧར་རོས་ཀྱིས་འཁྱར་འཁྱོར་དུ་མ་གྱུར་བའི་རང་གི་རྐང་པ་གཉིས་ལ་བལྟ་ཞོར། ངས་ད་དུང་ཅི་ཞིག་སྒྲུབ་ཐུབ་པ་ཡིན་ནམ་ཞེས་ཁེར་ལབ་ཞིག་བྱས་པ་ན། འཚིག་ཇ་ཁང་དེའི་བུད་མེད་ལས་བཟོ་བ་ཞིག་གིས་སྐད་ཆ་དེ་གོ་ནས་ཁོ་དང་ཁ་བརྡ་གློད་ཅིང་། ཁོ་མོའི་མཚམས་སྦྱོར་འོག་ལོ་ན་བརྒྱད་ཅུར་སོན་པའི་རྒན་པོ་འདི་ཆེད་ལས་མིན་པའི་རི་མོ་སྦྱང་ས་ཞིག་ཏུ་སོང་ནས་རི་མོ་སྦྱང་བའི་མགོ་བརྩམས། རྒན་པོ་འདིས་སྔོན་ཆད་ཡིན་ན་རྩ་བ་ཉིད་ནས་རི་མོ་འབྲི་སྤྱད་དང་ཚོན་རིས་ལ་ལག་པས་ཀྱང་རེག་མྱོང་མེད།
བསམ་ཡུལ་ལས་འདས་པ་ཞིག་ནི། རི་མོ་སྦྱང་ས་སླེབས་ནས་ཡུན་རིང་མ་འགོར་བར། ཧར་རོས་ཀྱིས་རང་ཉིད་ལ་རི་མོ་འབྲི་རྩལ་ཧ་ལས་པ་ཞིག་ཡོད་པའི་ལྷན་སྐྱེས་ཀྱི་འཇོན་ཐང་ལྡན་པ་ཤེས་པ་དང་། ཕྱིས་སུ་བློ་གཅིག་སེམས་གཅིག་རི་མོ་འབྲི་རྩལ་སྦྱང་བ་དང་རི་མོ་འབྲི་བའི་དགའ་མོས་ཇེ་ཆེར་སོང་བ་དང་བསྟུན་ནས་ཁོ་རང་རི་མོའི་ཟུར་ཁྲིད་འཛིན་གྲྭ་ཞིག་ལ་ཞུགས་ཤིང་དེ་ནས་མཐར་ཕྱིན་དུས་ཁོ་རང་ལོ་ན་དགུ་བཅུར་སོན་འདུག
1977ལོར་ལུའོ་ཧྲན་ཅི་གྲོང་ཁྱེར་གྱི་སྙན་གྲགས་ཆེ་བའི་སྒྱུ་རྩལ་ཁང་ཞིག་ནས་རྒན་པོ་ཞིག་གི་རི་མོའི་བརྩམས་ཆོས་འགྲེམས་སྟོན་བྱས་ཤིང་། བྱ་འགུལ་གྱི་བརྗོད་སྙིང་ལ། ཧར་རོས་ཀྱི་ལོ་བརྒྱའི་རི་མོ་འགྲེམས་སྟོན་ཞེས་བྲིས་ཡོད། མ་གཞི་ཐེངས་འདིའི་འགྲེམས་སྟོན་ནི་ལོ་བརྒྱད་ཅུར་སླེབས་དུས་ད་གཟོད་རི་མོ་འབྲི་རྩལ་སྦྱང་བའི་ཧར་རོས་ཀྱི་བརྩམས་ཆོས་ཡིན་པ་དང་། བར་འདིར་ཁོ་རང་ཏག་ཏག་ལོ་བརྒྱ་དང་གཅིག་ལ་སོན་ཡོད།
ཧར་རོས་ཀྱི་བརྩམས་ཆོས་ལ་གཟིགས་མོལ་དུ་ཕེབས་པའི་སྐུ་མགྲོན་རྣམས་ཡ་མཚར་ནས། ལོ་བརྒྱ་དང་གཅིག་ལ་སོན་པའི་རྒན་པོ་ཞིག་གིས་ད་དུང་རི་མོ་འབྲི་བའི་ལས་ཀའི་རྒྱུན་སྐྱོང་དོན་ཅི་ཞིག་ཡིན་ནམ་ཞེས་ཁོང་ལ་དྲི་བ་འདོན་དུས། ཧར་རོས་ཀྱི་གདོང་ལ་འཛུམ་ཞིག་ལངས་བཞིན། མི་ཞིག་ཡིན་ན་ང་ད་དུང་ལོ་ག་ཚོད་ལ་འཚོ་ཐུབ་བམ་ཞེས་བསམ་མི་རུང་བར་ངས་ད་དུང་ཅི་ཞིག་སྒྲུབ་ཐུབ་བམ་ཞེས་བསམ་བློ་གཏོང་དགོས། ངེས་པ་དོན་གྱི་མི་ཚེ་ནི་ཁྱོད་ཀྱི་དོན་དག་གང་ཞིག་སྒྲུབ་དུས་ནས་མགོ་བརྩམས་པ་རེད་མ་གཏོགས། ཁོ་རང་སྐྱེས་དུས་ནས་མགོ་བརྩམས་པ་ཞིག་མ་ཡིན་ཞེས་བཤད།
ཚེ་སྲོག་ནི་ཁྱོད་ཀྱིས་བསྒྲུབས་པའི་དོན་དག་གིས་ཐག་གཅོད་པ་ལས་དུས་ཚོད་རིང་མིན་ཙམ་གྱིས་འཇལ་བ་ཞིག་མིན། དེའི་རྐྱེན་གྱིས་མི་ཚེ་ཆུད་ཟོས་སུ་མི་གཏོང་བ་དང་མི་ཚེའི་རིན་ཐང་རྟོགས་པ། མི་ཚེ་ལ་འགྱོད་སྣང་མེད་པའི་ཕྱིར་དུ་ད་ནས་མགོ་བརྩམས་ཏེ་དོན་སྙིང་ཡོད་པའི་དོན་དག་རེ་རེ་སྒྲུབ་པར་བརྩོན་དང་། ང་ཚོའི་མི་ཚེ་ཡང་དོན་དག་སྒྲུབ་པ་ནས་མགོ་བརྩམས་ཆོག