རང་འདེམས་ཟ་མ་ཟོས་མ་ཚར་ན་རིན་པ་ལེན་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-06   རྩོམ་ཁུངས།   

        སྤྱི་ཟླ་12ཚེས་17ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས《ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་ཇུས་གཞི》ཁྱབ་བསྒྲགས་བྱས་ཏེ། རང་འདེམས་ཟ་མ་བླངས་ནས་ཟོས་མ་ཚར་བ་དང་། དུས་ལས་ཡོལ་གྲབས་ཡོད་པའི་ཟ་མ་གཡུག་པ། ཟ་མ་མང་པོ་ཟོས་པར་བརྟེན་དྲ་གྲོགས་འགུག་པ་སོགས་ཟ་མ་ཆུད་ཟོས་གཏོང་བའི་ཕྱོགས་མང་པོར་ཆད་པ་གཅོད་རྒྱུ་གཏན་འབེབས་བྱས་ཡོད།

图片

        ཟས་ཆུད་ཟོས་སུ་གཏོང་མཁན་ལ་རང་འདེམས་ཟ་མའི་ཁེ་ལས་ཀྱིས་རིན་པ་འོས་འཚམ་ལེན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ།  
        ཇུས་གཞིའི་ནང་རིམ་ཁག་ཚོང་དོན་སྡེ་ཚན་གྱིས་བྱ་ཐབས་སྤྱད་དེ་བཟའ་བཏུང་ཞབས་ཞུ་གཉེར་སྐྱོང་མཁན་ལ་ཟས་བགོས་ཞབས་ཞུ་མཁོ་འདོན་དང་སྤྱི་ཚོགས་ལ་ཟས་རིགས་ཆུད་ཟོས་གཏོང་བར་ངོ་རྒོལ་བྱེད་པའི་གནས་ཚུལ་ཡོངས་བསྒྲགས་བྱ་རྒྱུར་ལྕག་སྐུལ་བྱ་རྒྱུ་དང་། བཟའ་བཏུང་ཕྱིར་ཚོང་ལས་སྟེགས་དང་བཟའ་བཏུང་ཞབས་ཞུ་གཉེར་སྐྱོང་མཁན་ལ་མངོན་གསལ་དོད་པའི་བྱེད་ཐབས་ཐོག་ནས་འཛད་སྤྱོད་པར་དགོས་མཁོ་ལྟར་འོས་འཚམ་གྱི་ཟ་མ་འདེམས་དགོས་པའི་དྲན་སྐུལ་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད་པ་དང་། རང་འདེམས་ཟ་མའི་ཞབས་ཞུའི་ཚན་པས་འཛད་སྤྱོད་པའི་ཆུད་ཟོས་བྱེད་སྤྱོད་ལ་འོས་འཚམ་གྱི་རིན་པ་ལེན་རྒྱུའི་བྱ་ཐབས་ལག་བསྟར་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་བཏོན་ཡོད།
        ཟས་མང་པོ་ཟ་བ་དྲིལ་བསྒྲགས་བྱེད་པའི་ལེ་ཚན་འགོག་རྒྱུ།  
        ད་ལྟ། ཟ་མ་མང་པོ་བཟའ་བའི་བརྙན་ཐུང་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་ཐོན་བཞིན་ཡོད། ཇུས་གཞིའི་ནང་བཏོན་པར། རླུང་འཕྲིན་ལས་ཁུངས་དང་བརྙན་འཕྲིན་ལས་ཁུངས། དྲ་བ་དང་སྒྲ་བརྙན་ཞབས་ཞུ་མཁན་བཅས་ཀྱིས་ཟས་རིགས་མང་པོ་ཟ་བ་དང་བག་མེད་ཟ་འཐུང་བྱེད་པ་སོགས་ཟས་རིགས་འཕྲོ་བརླག་གཏོང་བའི་ལེ་ཚན་སྒྲིག་བཟོ་དང་བརྒྱུད་བསྒྲགས་བྱེད་རིགས་གཏན་འགོག་བྱ་རྒྱུ་དང་། བཅོས་སྒྲིག་བྱེད་དགོས།བཅོས་སྒྲིག་མི་བྱེད་པ་དང་། གནས་ཚུལ་ཚབས་ཆེན་ཡིན་རིགས་ལ་དངུལ་ཆད་གཅོད་པ་དང་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་པའམ་ཡང་ན་ལེ་ཚན་མཚམས་འཇོག་བྱས་ནས་དག་ཐེར་བྱེད་རྒྱུ་དང་། འགན་འཁུར་བ་གཙོ་བོར་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།

        ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱ་རྒྱུ་དེ་ཡུལ་སྐོར་བཟའ་བཏུང་ལས་རིགས་ཀྱི་ཚད་གཞིའི་ནང་འཇུག་རྒྱུ།

        བཟའ་བཏུང་ལས་རིགས་ཀྱི་ཟས་ཆུད་ཟོས་སུ་གཏོང་བར་བཀག་འགོག་བྱ་ཆེད། ཇུས་གཞིའི་ནང་བཟའ་བཏུང་ལས་རིགས་ཀྱིས་ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་ཚོགས་པའི་ཚད་གཞི་དང་ལས་རིགས་ཀྱི་རང་གཅུན་ཚད་གཞི་འདོན་རྒྱུར་སྐུལ་འདེད་གཏོང་བ་དང་། ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱ་རྒྱུ་དེ་ནང་དོན་གལ་ཆེན་ཞིག་བྱས་ཏེ་བཟོ་བཅོས་རྒྱག་བཞིན་པའི་ཡུལ་སྐོར་སྤྲོ་འཆམ་གྱི་བཟའ་བཏུང་ལས་རིགས་དང་། ཞག་སྡོད་ལས་རིགས། མཛེས་ལྗོངས་ཁུལ་བཅས་ཀྱི་ཚད་གཞིའི་ནང་འཇུག་དགོས་པ་བསྟན་ཡོད།

        དེ་དང་ཆབས་ཅིག བཟའ་བཏུང་སོགས་ལས་རིགས་མཐུན་ཚོགས་ཀྱིས་ཟས་རིགས་ཆུད་ཟོས་གཏོང་རྒྱུར་བཀག་འགོག་བྱ་རྒྱུའི་གྲོས་འགོ་བཏོན་ནས་བཟའ་བཏུང་ལས་རིགས་མཐུན་ཚོགས་ཀྱིས་ཆུད་ཟོས་བྱེད་སྤྱོད་ཡོད་པའི་ཚོགས་མིར་དགོས་ངེས་ཀྱི་རང་གཅུན་བྱ་ཐབས་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཚོགས་མིས་རང་རྟོགས་ངང་ཟས་རིགས་ཆུད་ཟོས་གཏོང་བར་ངོ་རྒོལ་བྱེད་པའི་བྱེད་སྒོ་སྤེལ་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
        ཟས་རིགས་ཁེ་ལས་ཀྱིས་དུས་ལས་ཡོལ་གྲབས་ཡོད་པའི་ཟས་རིགས་བཙོང་བར་རྒྱབ་སྐྱོར་བྱེད་དགོས།
        དུས་ལས་ཡོལ་གྲབས་ཡོད་པའི་ཟས་རིགས་གཡུག་རྒྱུ་ལས་ཐབས་གཞན་མེད་དམ་ཞེ་ན། ཇུས་གཞིའི་ནང་ཟས་རིགས་ལ་རྟགས་རྒྱག་པའི་ལམ་ལུགས་ལེགས་སུ་བཏང་སྟེ། ཟས་རིགས་ཐོན་སྐྱེད་བྱེད་མཁན་ལ་ཟས་ཀྱི་ཐུམ་སྒྲིལ་ཐོག་ཟས་སྤྱོད་དུས་ཚོད་ཡག་ཤོས་དང་སྤུས་ཚད་འགན་ལེན་དུས་ཚོད་གཉིས་གསལ་པོ་བཀོད་ནས་ཟས་རིགས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་གྱིས་རིན་གོང་དམའ་པོའི་ཐོག་ནས་ཟས་སྤྱོད་པའི་དུས་ཚོད་ཡག་ཤོས་ལས་ཡོལ་གྲབས་ཡོད་པའི་ཟས་བཙོང་བར་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

        རང་འདེམས་ཚོང་ཁང་དང་ཚོང་ར་སོགས་པའི་ཟས་རིགས་གཉེར་སྐྱོང་པར་རྒྱུན་ལྡན་གྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤུས་ཚད་འགན་ལེན་དུས་ཚོད་ལས་ཡོལ་གྲབས་ཡོད་པའི་ཟས་རིགས་དབྱེ་འབྱེད་དོ་དམ་བྱས་ནས་དམིགས་བསལ་གྱི་རྟགས་འགོད་པའམ་ཡང་ན་གཅིག་བསྡུས་ཀྱིས་བཤམས་ནས་ཕྱིར་འཚོང་བྱེད་པར་ཁྲིད་སྟོན་བྱེད་དགོས་པ་བསྟན་ཡོད།
        ཟས་རིགས་ཁེ་ལས་ཀྱིས་ཟས་རིགས་ཞལ་འདེབས་འབུལ་བར་ཁྲིད་སྟོན་བྱེད་པ།
        ཟས་རིགས་ལུགས་མཐུན་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་ཆེད། ཇུས་གཞིའི་ནང་ཟས་རིགས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་སོགས་ཀྱིས་ཟས་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་དང་། ཕན་བདེའི་སྒྲིག་གཞི། རོགས་སྐྱོབ་སྒྲིག་གཞི་སོགས་སམ་ཡང་ན་མི་སྒེར་ལ་ཟས་རིགས་ཞལ་འདེབས་འབུལ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། འབྲེལ་ཡོད་རྩ་འཛུགས་ཀྱིས་དགོས་མཁོར་གཞིགས་ནས་དུས་ཐོག་ཏུ་ཟས་རིགས་བསྡུ་ལེན་དང་བགོ་འགྲེམ་བྱ་དགོས་ལ། འབྲེལ་ཡོད་དགེ་སྒྲུབ་རྩ་འཛུགས་ཀྱིས་ཟས་རིགས་ཞལ་འདེབས་འབུལ་བའི་དགོས་མཁོ་དང་སྦྲེལ་མཐུད་བྱེད་པའི་འབྲེལ་ཡོད་ཚོགས་པའི་ཚད་གཞི་དང་ལས་རིགས་ཀྱི་རང་གཅུན་ཚད་གཞི་ཁྲིམས་ལྟར་ཞིབ་འཇུག་དང་གཏན་འབེབས་བྱེད་པར་མཛུབ་སྟོན་བྱ་དགོས་པའི་སྐོར་བཏོན་ཡོད།

        ལས་ཁུངས་ཀྱི་ཟ་ཁང་གིས་ཟས་རིགས་ཆུད་ཟོས་གཏོང་བར་ངོ་རྒོལ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།
        ཇུས་གཞིའི་ནང་ད་དུང་ལས་ཁུངས་ཀྱི་ཟ་ཁང་གིས་ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་ཕན་འབྲས་དཔྱད་དཔོག་དང་བརྡ་ཁྱབ་ལམ་ལུགས་བཙུགས་ནས། ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱ་རྒྱུ་དེ་སྤྱི་པའི་སྒྲིག་གཞིའི་ནུས་རྒྱུ་གྲོན་ཆུང་གི་དཔྱད་ཞིབ་དང་གྲོན་ཆུང་རྣམ་པའི་ལས་ཁུངས་ཀྱི་གསར་གཏོད་བྱེད་སྒོའི་ནང་དོན་དུ་འཇུག་དགོས་པ་དང་། གཞུང་དོན་སྣེ་ལེན་དང་གྲོས་ཚོགས། གསོ་སྦྱོང་སོགས་ཀྱི་གཞུང་དོན་བྱེད་སྒོའི་ཟ་མའི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། བཟའ་བཏུང་ཆུད་ཟོས་གཏོང་བའི་དཔེ་མཚོན་གྱོད་གཞི་དང་དེ་བཞིན་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་མི་འདང་བའི་ཚན་པ་དམར་རྗེན་དུ་འདོན་དགོས་པ་དང་། ཆ་རྐྱེན་འཛོམས་པའི་སྤྱི་པའི་སྒྲིག་གཞིས་ཟ་ཁང་གི་གད་སྙིགས་རང་སར་ཐོན་ཁུངས་ཅན་དུ་སྒྱུར་བའི་སྒྲིག་ཆས་སྤྱོད་པར་བསྔགས་སྐུལ་བྱ་དགོས་པ་བསྟན་ཡོད།

图片

        ཟས་རིགས་ཆུད་ཟོས་ལ་རྒོལ་བའི་ཁྲིམས་ལག་བསྟར་བྱེད་པར་ཤུགས་སྣོན་རྒྱག་དགོས།

        ཁྲིམས་འཛིན་ཐད། ཇུས་གཞིའི་ནང་ས་གནས་ཁག་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་ནམ་ཡང་ན་ས་གནས་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་སྡེ་ཚན་གྱིས་རང་འགུལ་ངང་འཛད་སྤྱོད་པར་ཟས་རིགས་འཕྲོ་བརླག་མི་གཏོང་བའི་དྲན་སྐུལ་བྱས་མེད་པའི་བཟའ་བཏུང་ཞབས་ཞུའི་གཉེར་སྐྱོང་བར་ཐ་ཚིག་སྒྲོག་པ་དང་། འཛད་སྤྱོད་པར་ཚད་ལས་བརྒལ་བའི་ཟས་མངག་རྒྱུར་བསླུ་བྲིད་སོགས་བྱས་ནས་འཕྲོ་བརླག་མངོན་གསལ་དོད་པོ་བཏང་བའི་བཟའ་བཏུང་ཞབས་ཞུའི་གཉེར་སྐྱོང་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་གཅོད་དགོས། ཐོན་སྐྱེད་དང་གཉེར་སྐྱོང་བྱེད་རིམ་དུ་ཟས་རིགས་ཆུད་ཟོས་ཚབས་ཆེན་བཏང་བའི་ཟས་རིགས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་ལ་ཁ་ཏ་གླེང་མོལ་བྱེད་པའམ་ནོར་བཅོས་བྱེད་ཏུ་འཇུག་པ། འགན་དཀྲི་བ་དང་དངུལ་ཆད་གཅོད་དགོས་པ་བསྟན་ཡོད།

        རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱིས་ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱ་རྒྱུ་དེ་སྐར་མ་རིམ་པའི་གསོལ་མགྲོན་ཁང་དང་། Aརིམ་པའི་མཛེས་ལྗོངས་ཁུལ། ཡུལ་སྐོར་ལས་དོན་ཁང་བཅས་སྡེ་ཚན་ལ་མངོན་བཤེར་ལྐོག་ཞིབ་ཀྱི་ཞིབ་བཤེར་རྣམ་གྲངས་ནང་བཅུག་སྟེ་དཔེ་མཚོན་གྱོད་གཞི་གལ་ཆེན་ལ་ལྟ་ཞིབ་དང་སྒྲུབ་གཉེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བསྟན་ཡོད།