ས་སྐྱིད་པོ་རང་ཡུལ་ལུང་པ།

རྩོམ་པ་པོ།   ཚེ་རིང་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2022-01-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཕ་ཡུལ་ཞེས་པ་ནི་རང་ཉིད་སྐྱེས་ནས་གསོ་བའི་ས་ཆ་ལ་ཟེར་བ་དང་།ཆུང་བྱིས་པའི་དུས་སུ་ཐ་སྙད་དེ་ལ་གོ་བ་གཏན་ནས་ལེན་མེད།སློབ་གྲྭར་སོང་རྗེས་གཟའ་མཇུག་ཁྱིམ་ལ་ལོག་སྐབས་དང་གུང་གསེང་སྐབས་ཡུལ་ལ་ལོག་དུས་ཧ་ཅང་དགའ་པོ་བྱུང་མྱོང་བ་དེ་ནི་ཕ་ཡུལ་ལ་བཅངས་པའི་ཆེས་ཐོག་མའི་བརྩེ་དུང་ཡིན་པ་འདྲ།སློབ་ཆེན་དུ་སོང་རྗེས་ལོ་རེར་ཕ་ཡུལ་ལ་ཐེངས་གཉིས་རེ་ལས་ལོག་རྒྱུ་མེད་པས་རྒྱུན་དུ་ཕ་ཡུལ་གྱི་རི་ལུང་དང་ཆུ་བོ།དབྱར་དགུན་སྟོན་དཔྱིད་ཀྱི་རྣམ་པ།ཕ་ཡུལ་གྱི་ཡུལ་མི་ལ་སོགས་ལ་དྲན་པ་ཡང་ཡང་སྐྱེས་མྱོང་།ལོ་ན་ཇེ་ཆེ་སོང་རྗེས་རང་ཉིད་འགྲོ་མྱོང་བའི་ས་ཆ་རིམ་བཞིན་མང་བས་ས་ཆ་དེ་ཚོ་རང་གི་ཕ་ཡུལ་དང་བསྡུར་པར་དགའ་ལ།འོན་ཀྱང་ས་ཆ་གང་དང་བསྡུར་ནའང་རང་གི་ཕ་ཡུལ་དེ་ལས་ཡག་པའི་རྒྱུ་རྐྱེན་ཞིག་འཚོལ་ཐུབ།གཅིག་བྱས་ན་འདི་ནི་རང་ཉིད་ཕ་ཡུལ་ལ་དགའ་ཞེན་བྱེད་པ་ལས་བྱུང་བ་རེད།ད་ལྟ་གཞན་ཡུལ་དུ་མནའ་མ་སོང་རྗེས་རང་ཉིད་ཀྱི་ཕ་ཡུལ་གང་དུ་ཡིན་ནའང་ཡག་པོ་འདུག་སྙམ་པའི་བསམ་ཚུལ་ཇེ་ཆེར་འགྲོ་བཞིན་ཡོད།

        ཕ་ཡུལ་ལ་ལོག་ཐེངས་རེར་ངས་ཆུང་དུས་རྒྱུན་དུ་རྩེད་བའི་ས་ཆ་འམ་ཡུལ་ནང་གི་མི་རྒན་ཚོ་འཛོམས་སར་སོང་ནས་ཁོ་ཚོའི་གཏམ་རྒྱུད་ཉན་པར་དགའ་ལ།དེ་ནི་ངས་དུས་ཚོད་འཕྲོ་བརླག་གཏོང་འདོད་པ་མ་ཡིན་ལ་ཕ་ཡུལ་དང་འབྲེལ་བའི་རྟགས་མང་པོ་ཞིག་འཇོག་འདོད་པ་ཡིན།མི་རྒན་ཚོས་བཤད་པའི་གཏམ་རྒྱུད་ནང་ཁོ་ཚོའི་ཆུང་དུས་ཀྱི་་ཕྱིར་དྲན་ཡོད་པ་མ་ཟད།ད་དུང་ཕ་ཡུལ་དང་འབྲེལ་བའི་རིག་གནས་ཀྱི་རྗེས་ཤུལ་མང་པོ་ཡོད་དེ།དཔེར་ན་ཕ་ཡུལ་གྱི་མིང་ཇི་ལྟར་བྱུང་བ་དང་ཕ་ཡུལ་གྱི་སྲོལ་རྒྱུན་ཁ་ཤས།དེ་བཞིན་ཕ་ཡུལ་གྱི་འཕོ་འགྱུར་ལ་སོགས་ལྟ་བུ།ཁོ་ཚོས་ལོ་ཟླའི་འཕོ་འགྱུར་བརྒྱུད་ནས་ཕ་ཡུལ་གྱི་འཕེལ་རྒྱས་ལ་བདེན་དཔང་བྱས་མྱོང་བས་རྒྱུན་དུ་ད་ལྟའི་དུས་རབས་འདི་ནི་བསམ་ཡུལ་ལས་འདས་པའི་མཛེས་སྡུག་ལྡན་པ་དང་དེང་གི་ཕ་ཡུལ་ནི་སྔར་བྱུང་མ་མྱོང་བའི་སྐྱིད་པོ་ཡིན་པར་འདོད།  

        རེད་ཡ།ལོ་ཆུང་བསམ་པ་མ་སྨིན་སྐབས་གཞན་ཡུལ་དུ་འགྲོ་འདོད་དགའ་པོ་ཡོད་མོད།འོན་ཀྱང་ས་ཆ་ཇེ་མང་དུ་སོང་མྱོང་རྗེས་ས་སྐྱིད་པོ་རང་ཡུལ་ལུང་པ་ཡིན་པའི་བསམ་པ་དེ་བས་གཏིང་ཟབ།