ལག་གདང་སྦྲེལ་ནས་བདེ་སྐྱིད་དང་འཆམ་མཐུན་ཕྱོགས་སུ་བསྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-04   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཆེན་པོའི་ཁྲོད། ཟླ1པའི་ཚེས3ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཚོགས་ཆེན་གྱི་གནས་ཚུལ་ལ་བལྟས་ནས་གདེང་ཚོད་ཀྱིས་ཁེངས་བཞིན་དུ་འབྱུང་འགྱུར་ལ་ཇུས་འགོད་བྱས་པ་རེད།

རྒྱ་སྐད་དང་བོད་སྐད་གཉིས་ཀ་ཤེས་པར་བརྟེན་ནས་ཚོང་ལམ་ཡག་པོ་བྱུང་བཞིན་པའི་མའེ་མའེ་ཐི་ཡིས་གསར་འགོད་པར་ཕ་ཡུལ་དང་བྲལ་ནས་ལོ་20ལྷག་ཙམ་སོང་ཡང་ལྷ་སར་ཕ་ཡུལ་ལྟར་གྱི་དྲོ་སྐྱིད་ཚོར་གྱི་འདུག ལྷ་སའི་མི་རིགས་མཐུན་སྒྲིལ་གྱི་རྣམ་པས་ང་ལ་བབ་ཆགས་ཟབ་མོ་བཞག་བྱུང་། རྒྱུན་དུ་ལས་ཀ་དང་འཚོ་བའི་ཁྲོད་ཚང་མས་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད། ང་ཡང་ཇ་བསྲུབས་མ་འཐུང་བ་དང་རྩམ་པ་ཟ་བར་གོམས་པས་ད་ཆ་བོད་རིགས་དང་ཁྱད་མེད”ཅེས་བཤད།

    “སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ་དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་རེད། ཏང་གི་སྦྲང་ཆར་ཟིལ་མའི་འོག་ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་ཁག་གི་བུ་ཕྲུག་རྣམས་ཕན་ཚུན་རོགས་རམ་དང་མཛའ་བརྩེའི་ངང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད” ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཡིད་འོང་ཤང་ཡིད་འོང་ཇ་རའི་ཐོན་སྐྱེད་པུའི་པུའུ་ཀྲང་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ཁོངས་མི་ཧོང་ཧྭ་ལིན་གྱིས། ད་ཕན་ལོ་ཤས་རིང་། ཡིད་འོང་ཇ་ར་འཕེལ་རྒྱས་ཕྱིན་པ་དང་སྦྲགས་མི་སེར་གྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། སྔོན་མ་ཕྱིར་གླ་པར་སྐྱོད་མཁན་གྱི་ས་གནས་དེ་གའི་གྲོང་མི་མང་པོ་ཞིག་ཕ་ཡུལ་དུ་ལོག་ནས་ས་གནས་ཀྱི་གསར་སྤེལ་འཛུགས་སྐྲུན་ལས་དོན་ནང་ཞུགས་ཡོད”ཅེས་བཤད།

    “གནའ་ནས་ད་བར་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་ཡར་ཐོན་ནི་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དང་ཁ་བྲལ་ཐབས་མེད་པ་ཞིག་རེད། ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་། རྒྱལ་གཅེས་རིང་ལུགས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། བོད་གསར་རྙིང་བསྡུར་བའི་སློབ་གསོ་སོགས་ཤུགས་ཆེན་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ཏེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས”ཞེས་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་པ་སངས་ཟླ་བས་བཤད། །