གནམ་ལོ་གསར་ཚེས་དང་འབྲེལ་བའི་སེམས་འགྱུ་ཐན་ཐུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-01-03   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

༄༅། །གནམ་ལོ་གསར་ཚེས་དང་འབྲེལ་བའི་སེམས་འགྱུ་ཐན་ཐུན།

རིན་ཆེན།

        ཆུང་དུས་སུ། དུས་ཚོད་ནི་འཁར་བ་ཐོགས་པའི་བགྲེས་སོང་འཐེང་འགྲོས་ཤིག་གི་གོམ་འགྲོས་དང་འདྲ་ཞིང་། དགུང་སྔོན་མཐོངས་ཀྱི་ཉི་མ་ནི་རྟ་བདུན་གྱིས་ཤེད་ཀྱིས་འཐེན་བཞིན་ཡོད་ཀྱང་། སྔར་བཞིན་རི་རྩེ་ན་ཀྲོང་ངེར་འགྱིང་བའི་ལབ་ཙེའམ་ཐོ་ཡོར་ཞིག་དང་འདྲ་བར་འགུལ་སྐྱོད་མེད་པར་སྣང་། དེ་འདྲའི་འགྲོས་དལ་བའི་རི་གྲོང་གི་པང་དུ། ང་ཚོ་ནི་ཐལ་རྩེད་ཀྱི་ཀློང་དུ་བཟི་བའི་བསམ་མེད་ཀྱི་བྱིས་པ་ཁྱུ་ཞིག་ཡིན། སྐབས་དེ་དུས། དུས་ཀྱི་གོམ་འགྲོས་ནི་རུས་སྦལ་གྱི་གོམ་སྟབས་བཞིན་ཤིན་ཏུ་དལ་ཡང་། ང་ཚོས་ནི་གང་མགྱོགས་འཚར་ལོངས་ཡོང་བར་རེ་བཞིན་ཡོད་པ་མིན་ནམ།
        ང་ཚོ་ཡང་དཔྱིད་ཀྱི་མྱུ་གུ་ཇི་བཞིན་རིམ་གྱིས་བྱམས་ལྡན་ཕ་མ་ཟུང་གི་ཉི་འོད་ལྟ་བུའི་བྱམས་བརྩེའི་དྲོ་སྐྱིད་དང་། དགེ་རྒན་རྣམ་པའི་ཐུགས་རྒྱུད་རིང་བའི་གསོ་སྐྱོང་ལས། ཤེས་བྱའི་དགའ་ཚལ་ཡངས་མོར་བུང་བ་པདྨའི་ཟེའུ་འབྲུར་ཆགས་པ་བཞིན་ཤེས་བྱའི་སྦྲང་རྩི་གསོག་པར་བྲེལ་ཞིང་། ཡིད་ལ་བརྣགས་པའི་རེ་བ་དང་ཕུགས་འདུན་མང་པོ་ཞིག་ལམ་རྒྱགས་སུ་བྱས་ཏེ། སློབ་གྲྭའི་རྒྱལ་སྒོ་ནས་སྤྱི་ཚོགས་ཀྱི་གྲུ་ཁར་མི་ཚེའི་ཁ་ལོ་བསྒྱུར་འགོ་བརྩམས།
        གྲོང་ཁྱེར་དུ་དུས་ཚོད་ཅེས་པའི་རླུང་ལྟ་བུའི་གཟུགས་མེད་ཀྱི་མགོན་པོ་དེ་ལ་སྡོད་ཁོམ་གཏན་ནས་མེད་ཅིང་། གནས་དེའི་མི་རྣམས་ཀྱང་ལྕག་གིས་ཡང་ཡང་བྲབས་པའི་རྟ་རྒོད་ཇི་བཞིན་ཕར་རྒྱུག་ཚུར་རྒྱུག་ལ་གོམས་པ་ལྟར་སྣང་། དུས་ནམ་ཞིག་ནས་ང་རང་ཡང་མི་འདི་འདྲ་ཞིག་ཏུ་གྱུར་བར་གསལ་ཆ་ཅི་ཡང་མི་འདུག ལས་འབོར་དང་ལས་ཕྱོད་སྟོན་རྒྱུ་གཏན་ནས་མེད་ཀྱང་གང་ལྟར་ཉིན་གཅིག་གི་དུས་ཚོད་དེ་བྲེལ་འཚུབ་དང་། སུན་སྣང་། འདུར་རྒྱུག་དང་བཅས་མནོག་ཆུང་བྱ་བ་ཙག་ཙིག་ཁོ་ནའི་བྲན་དུ་གྱུར་ནས་ལོ་མང་པོ་འགོར་སོང་། 
        མི་ཞེས་པ་འདི་འཚོ་བའི་གནོན་ཤུགས་ཀྱི་དབང་དུ་ཚུད་ཚེ། སྔོན་ཆད་འོད་ཀྲིག་ཀྲིག་དང་དྭངས་ཁྲུམ་ཁྲུམ་གྱི་མིག་ཟུང་དེ་ཡང་དལ་གྱིས་འོད་མདངས་དང་གྲུང་ཤ་ཉམས་པ་དང་སྦྲགས། མིག་ཟུང་གི་ནམ་མཁར་སྡོམ་གྱི་དྲ་བ་འཐེན་པ་ལྟར་རི་མོ་འབབ་འགོ་བརྩམས་ཤིང་། དེས་ང་ཚོར་ད་ནི་ཁྱོད་རང་རྒས་འདུག་ཨང་ཞེས་གསལ་བརྡ་གཏོང་བ་དང་དབྱེར་མ་མཆིས། འཚོ་གནས་ཀྱི་ཆེད་དུ། འཚོ་བ་ཡི་ཆེད་དུ། ཡང་ན་མངོན་འགྱུར་དཀའ་བའི་ཕུགས་བསམ་གྱི་ཆེད་དུ། གཞན་གྱིས་མི་མང་འདུས་སར་དམའ་འབེབས་དང་། ཁྱད་གསོད། ཡང་ན་བཀའ་བཀྱོན་ཇི་ཙམ་གནང་ཡང་། སྔར་བཞིན་ནུབ་ཁའི་མཚམས་སྤྲིན་གྱི་མདོག་ལ་ཅོ་འདྲི་བའི་ངོ་མདོག་དམར་པོ་ཞིག་བསྟན་ཞོར་མགོ་བྲད་བྲད་དང་ལྕེ་སྣར་སྣར་ངང་སྡོད་དགོས་པ་དང་། འཚོ་བའམ་ལས་ཀར་བར་ཆད་རེ་བྱུང་ཚེ། གནོན་ཤུགས་དང་སྡུག་བསྔལ། ན་ཟུག་དང་མིག་ཆུ་མཐའ་དག་ཁོག་ཏུ་ཁྱུར་མིད་བཏང་སྟེ། ཡི་ཐང་མ་ཆད་པར་རང་ལུས་ལ་སྙིང་རུས་ཀྱི་གོ་ཆ་སྤྲས་ནས། སྡུག་གི་ཚ་བར་ཕར་རྒོལ་དང་གེགས་ཀྱི་ཆར་པར་འཐབ་རྩོད་བྱེད་པ། ཤིན་ཏུ་ནས་ཨ་ཐང་ཆད་པའི་ལྗིད་ཏིག་ཏིག་གི་སེམས་པ་རྐང་ཆུང་གི་རྟ་ཕོར་བསྐྱོན་ཏེ། མདུན་སྐྱོད་ཀྱི་ལམ་བུར་མུ་མཐུད་དེ་བརྩོན་འགྲུས་ཀྱི་བང་རྩལ་འགྲན་འགོ་བརྩམས་ཤིང་། ཕུགས་བསམ་གྱི་སྐྱེད་ཚལ་དུ་བརྩོན་འགྲུས་ཀྱི་ས་བོན་རེ་རེ་བཏབ་ནས་སྔོ་ལྗང་གི་རྐང་རྗེས་རེ་རེ་འཇོག་པར་བྲེལ་བཞིན་ཡོད་པ་མིན་ནམ།
        དབྱར་དགུན་སྟོན་དཔྱིད་ཀྱི་ནམ་དུས་རེ་རེ་ནི་མིག་རྡེབ་ཡུན་ཙམ་ལ་ང་ཚོའི་ལག་འོག་ནས་ཤོར་འགྲོ་ཞིང་། བྱ་བཞིན་འཕུར་འགྲོ་བའི་ལོ་ཡི་ཉག་མ་རེ་རེ་ནི་སྐར་མདའ་བཞིན་ང་ཚོའི་མིག་ལམ་ནས་བཞུད་འགྲོ་དུས། ད་ནི་ང་ཚོས་དབུགས་རིང་ནར་ནར་དུ་གཏོང་གིན། ཨ་ཧོ། གནམ་ལོ་གསར་པ་ཚེས་སོང་། སླར་ཡང་ལོ་གཅིག་འདི་ལྟར་འདས་སོང་ཞེས་ཆིག་ལབ་རྒྱག་རྒྱུ་ལས་མ་འདས། དེ་འདྲའི་དུས་ཀྱི་གོམ་འགྲོས་ནི་བྱིས་དུས་སུ་ལོ་གསར་འཆར་བར་སྒུག་བཞིན་པ་དང་གཏན་ནས་མི་འདྲ་སྟེ། བྱིས་དུས་ཀྱི་ང་ཚོར་ཡོད་པ་ནི་དུས་ཚོད་ཡིན་ཞིང་། ལོ་གསར་འཆར་བར་ཉིན་གཅིག་གི་དུས་ཚོད་ལས་མེད་ཀྱང་། ཉིན་གཅིག་གི་དུས་ཚོད་ནི་མི་ཞིག་ཡིན་པའི་དབང་དུ་བཏང་ན། སུ་ཞིག་གིས་རྐང་ལག་ལ་ལྕགས་སྒྲོག་བསྐོན་པ་ལྟར་འགྲོས་ཧ་ཅང་དལ། སྐབས་དེ་དུས་ང་ཚོས་དུས་ཚོད་ཀྱི་གོམ་འགྲོས་དལ་བར་འཁང་ར་བྱེད་མྱོང་ཞིང་། དུས་ཚོད་མགྱོགས་ཙམ་ཕར་ལ་འདས་ན་ཅི་མ་རུང་ཨང་སྙམ་མྱོང་། འོན་ཀྱང་། ད་ཆ་དུས་ཀྱི་ཕོ་ཉས་རྐང་བཙུགས་ནས་ང་ཚོར་སྙད་བརྐོ་བ་ཇི་བཞིན། ཉིན་དང་ཟླ་བ་ཕར་ཞོག ཐ་ན་ལོ་ཡི་འཁོར་མོའང་སེ་གོལ་ཏོག་ཙམ་གྱི་ཡུན་ལ་ང་ཚོའི་ལྟག་རྒྱབ་ནས་ཕར་ལ་བཞུད་འགྲོ ལོ་རྙིང་པ་ཞིག་བསམ་དབང་དྲན་དབང་མེད་པར་ང་ཚོ་དང་རྒྱང་དུ་གྱེས་པ་དང་བསྟུན་ནས་ལོ་གསར་པ་ཡང་མ་བོས་མགྲོན་པོ་ཇི་བཞིན་རྐང་འཇབ་ལག་འཇབ་ངང་ང་ཚོའི་གམ་དུ་ལྷགས་ཟིན།
        གྲོགས་པོ་ལགས། སླར་ཡང་གནམ་ལོ་གསར་པ་ཞིག་ཤར་སོང་། ད་ནི་མནོག་ཆུང་གི་བྱ་བའི་ཀློང་དུ་ལང་ཚོ་ཆུ་ལ་མ་བསྐུར་བར། རང་གཤིས་རྒོད་པོ་གཡུང་ལ་ཕབ་ནས། གནམ་ལོ་གསར་པའི་བཀྲ་ཤིས་དགའ་སྟོན་གྱི་ཅོང་བརྡ་དང་འགྲོགས་ནས། དུས་ཚོད་དང་བང་རྩལ་འགྲན་ནུས་མཁན་གྱི་བརྩོན་འགྲུས་ཀྱི་གྱི་ལིང་རྟ་མཆོག་ཅིག་བྱེད་པར་འཚལ་ལོ།།


图片