སློབ་རའི་གནོད་འཚེའི་དོན་རྐྱེན་སྔོན་འགོག་བྱེད་ཐབས་འདི་ན་གསལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-31   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།

སྤྱིའི་རྩ་དོན།

        1. སློབ་མ་སློབ་གྲྭ་རུ་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་འགུལ་ལ་ཞུགས་དུས། སློབ་གྲྭར་དོ་དམ་འགན་འཁྲི་ཡོད་པའི་སློབ་གྲྭའི་ཉལ་ཁང་དང་། ར་སྐོར། གཞན་པའི་སློབ་གསོའི་སློབ་ཁྲིད་ཀྱི་སྒྲིག་ཆས། འཚོ་བའི་སྒྲིག་ཆས་ཁྲོད་མི་ལུས་ལ་གནོད་འཚེ་དོན་རྐྱེན་བྱུང་བར་སྔོན་འགོག་དང་ཐག་གཅོད་བྱེད་ན་སྲོལ་ཡིག་འདི་སྤྱད་དགོས། སློབ་མའི་ཕ་མའམ་ཡང་ན་ལྟ་སྐྱོང་མཁན་གཞན་པས་ལྟ་སྐྱོང་འགན་འཁྲི་ལག་ཏུ་བསྟར་དགོས་ཤིང་། སློབ་མར་བདེ་འཇགས་སྐོར་གྱི་སློབ་གསོ་གཏང་དགོས་པར་མ་ཟད། འབྲེལ་ཡོད་བདེ་འཇགས་དོ་དམ་ལམ་ལུགས་དང་བདེ་འཇགས་སྲུང་སྐྱོང་བྱེད་ཐབས་སློབ་གྲྭས་དོན་འཁྱོལ་བྱེད་པར་གཞོགས་འདེགས་ཀྱི་འོས་འགན་ཡང་ཡོད།

        2. སློབ་མས་སློབ་གྲྭའི་སྒྲིག་སྲོལ་ལམ་ལུགས་དང་སྒྲིག་ལམ་བརྩི་སྲུང་བྱ་དགོས་ལ། སློབ་གསོ་དང་དོ་དམ་ཡང་བསྲུང་དགོས་པ་དང་། རང་ཉིད་ཀྱི་ཤེས་རྟོགས་བྱེད་ནུས་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་གཞིགས་ཏེ་ཉེན་ཁ་མི་འབྱུང་བ་དང་མེད་པར་བཟོ་དགོས།

        3. སློབ་མའི་གནོད་འཚེའི་དོན་རྐྱེན་ཐག་གཅོད་བྱེད་ན་ཁྲིམས་ལྟར་དང་དྲང་གཞག ལུགས་མཐུན། དུས་ཐོག་བཅས་ཀྱི་རྩ་དོན་བརྩི་སྲུང་བྱས་ཏེ། དོན་དངོས་གསལ་པོ་དང་ངོ་བོ་གཏན་འཁེལ། འགན་འཁྲི་གསལ་པོ་བཅས་བྱ་དགོས།

གནོད་འཚེའི་དོན་རྐྱེན་གྱི་སྔོན་འགོག

        1. སློབ་གྲྭའི་སློབ་གཙོ་གཞུང་སྒྲུབ་ཁང་གིས་གོང་རིམ་སློབ་གསོ་གཙོ་སྐྱོང་སྡེ་ཁག་གི་མགོ་ཁྲིད་འོག སློབ་མའི་གནོད་འཚེའི་དོན་རྐྱེན་གྱི་སྔོན་འགོག་དང་ཐག་གཅོད་བྱ་བའི་མགོ་ཁྲིད་ལ་ཤུགས་བསྣན་དགོས་ཤིང་། སློབ་གྲྭའི་སྡེ་ཁག་སོ་སོས་བདེ་འཇགས་དོ་དམ་གྱི་མཉམ་ལས་ནང་རྐྱེན་བཙུགས་ཏེ། སློབ་མའི་གནོད་འཚེའི་དོན་རྐྱེན་སྔོན་འགོག་དང་བྱ་བ་ལེགས་པོར་བསྒྲུབ་དགོས།

        2. སློབ་གྲྭས་བདེ་འཇགས་སློབ་གསོ་རྒྱུན་ལྡན་གྱི་དོ་དམ་དང་སློབ་གསོའི་སློབ་ཁྲིད་བྱ་འགུལ་ཁྲོད་ལེན་དགོས་ཤིང་། ན་ཚོད་མི་གཅིག་པའི་སློབ་མའི་ཤེས་རྟོགས་བྱེད་ནུས། ལུས་སེམས་ཀྱི་ཁྱད་ཆོས། དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་གཞིགས་ཏེ། རྣམ་པ་གང་མང་གི་བྱེད་ཐབས་སྤྱད་ནས་དུས་རྒྱུན་སློབ་མར་དགོས་ངེས་ཀྱི་ཁྲིམས་ལུགས་སློབ་གསོ་དང་བདེ་འཇགས་སློབ་གསོ། སེམས་ཁམས་བདེ་ཐང་སློབ་གསོ། རང་ཉིད་ལ་སྲུང་སྐྱོང་དང་རང་ཉིད་སྐྱོབ་པའི་སློབ་གསོ་བཅས་བཏང་སྟེ། སློབ་མའི་བདེ་འཇགས་འདུ་ཤེས་དང་དོགས་ཟོན་ནུས་པ་མཐོར་འདེགས་སུ་གཏང་དགོས།

        3. སློབ་གྲྭས་ཁྱིམ་བདག་ཚོགས་འདུ་སོགས་ཀྱི་རྣམ་པ་བེད་སྤྱད་དེ། སློབ་མའི་ཕ་མའམ་ཡང་ན་ལྟ་སྐྱོང་མཁན་གཞན་པ་སློབ་མར་བདེ་འཇགས་སློབ་གསོ་དང་སེམས་ཁམས་ཁྲིད་སྟོན་བྱེད་པར་མཛུབ་སྟོན་བྱས་ཏེ། སློབ་མར་གནོད་འཚེ་དོན་རྐྱེན་བྱུང་བར་སྔོན་འགོག་བྱ་དགོས།

        4. སློབ་གྲྭས་སློབ་གྲྭའི་བདེ་འཇགས་དོ་དམ་དང་སློབ་མའི་གནོད་འཚེའི་དོན་རྐྱེན་སྔོན་འགོག་བྱེད་པའི་སྡེ་ཁག་དང་བྱ་བའི་ལམ་ལུགས་འཐུས་ཚང་གཟུག་དགོས་ཤིང་། ཐོལ་བྱུང་གི་དོན་རྐྱེན་སྣ་ཚོགས་ཀྱི་འཚུབ་བཟློག་སྔོན་ཇུས་བཟོས་ཏེ། སློབ་གྲྭའི་བདེ་འཇགས་དོ་དམ་དང་སློབ་མའི་གནོད་འཚེ་སྔོན་འགོག་བྱེད་ཐབས་དོན་འཁྱོལ་བྱ་དགོས།

        5. སློབ་གྲྭས་སློབ་མའི་གནོད་འཚེའི་དོན་རྐྱེན་གྱི་དོགས་ཟོན་ལ་ཤུགས་བསྣན་ཏེ་གཤམ་གསལ་འགན་འཁྲི་དག་ལག་ཏུ་བསྟར་དགོས།

        (1) རྩལ་སྦྱོང་དང་ཚོད་ལྟ། གཞན་པའི་སློབ་གསོའི་སློབ་ཁྲིད་བྱ་འགུལ་སྤེལ་དུས། རྒྱལ་ཁབ་དང་ཞིང་ཆེན་གྱི་སློབ་ཚན་འཆར་གཞི། སློབ་ཚན་ཚད་ལྡན་དང་སློབ་ཁྲིད་རེ་བ་བཅས་དང་མཐུན་དགོས་པར་མ་ཟད། དགོས་ངེས་ཀྱི་བདེ་འཇགས་འགོག་སྲུང་བྱེད་ཐབས་ཀྱང་སྤྱད་དགོས།

        (2) སློབ་མ་རྩ་འཛུགས་བྱས་ཏེ་ངལ་རྩོལ་དང་དངོས་སྦྱོང་། རྟོག་ཞིབ་སོགས་སྤྱི་ཚོགས་ལག་ལེན་བྱ་འགུལ། རིག་གནས་རོལ་རྩེད་དང་གཞན་པའི་ཐུན་མོང་གི་བྱ་འགུལ་ལ་ཞུགས་སྐབས། སློབ་མའི་ལུས་ཁམས་དང་སེམས་ཁམས་ཀྱི་ཁྱད་ཆོས་དང་མཐུན་དགོས་ཤིང་། དེ་བདེ་འཇགས་དང་འཕྲོད་བསྟེན་རེ་བ། ཆེད་བསྐོས་མི་སྣའི་འགན་འཁུར་བཅས་དང་མཐུན་དགོས་པར་མ་ཟད། དགོས་ངེས་ཀྱི་བདེ་འཇགས་འགོག་སྲུང་བྱེད་ཐབས་ཀྱང་སྤྱད་དགོས།

        (3) སློབ་མའི་སློབ་སྦྱོང་དང་འཚོ་བར་འབྲེལ་ཡོད་ཀྱི་དངོས་རྫས་དང་ཞབས་ཕྱི་མཁོ་འདོན་བྱ་དགོས་པ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱིས་གཏན་འཁེལ་བྱས་ཡོད་པའི་བདེ་འཇགས།འཕྲོད་བསྟེན་ཚད་གཞི་དང་མཐུན་དགོས།

        (4) ཉེན་ཁའི་རང་བཞིན་ལྡན་པའི་སློབ་གསོའི་སློབ་ཁྲིད་དང་འཚོ་བའི་ཞབས་ཕྱི་སྒྲིག་བཀོད་དང་སྒྲིག་ཆས་སྟེང་། སློབ་གྲྭའི་ཨར་ལས་བྱེད་ཁོངས་བཅས་སུ་བདེ་འཇགས་ཀྱི་ཉེན་བརྡའི་མཚོན་རྟགས་གསལ་པོ་གཟུག་དགོས་པར་མ་ཟད། འོས་མཐུན་གྱི་བདེ་འཇགས་འགོག་སྲུང་བྱེད་ཐབས་ཀྱང་སྤྱད་དགོས།

        (5) བདེ་འཇགས་ཞིབ་བཤེར་ལ་ཤུགས་བསྣན་ཏེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པའི་སྒྲིག་བཀོད་དང་སྒྲིག་ཆས་ནི། བཀོལ་མཚམས་འཇོག་དགོས་ཤིང་། དུས་ལྟར་འགོག་སྲུང་དང་ཉེན་བརྡའི་བྱེད་ཐབས་སྤྱད་དགོས་པར་མ་ཟད། ཉམས་གསོའམ་ཡང་ན་བརྗེ་སོར་ཡང་བྱ་དགོས།

        (6) ཉེན་ཁའི་རང་བཞིན་ལྡན་པའི་སྒྲིག་བཀོད་སྒྲིག་ཆས། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ཚོད་ལྟའི་དཔྱད་ཆས། འགྱེད་འཕྲོའི་རྒྱུ་ཆ། གཞན་པའི་དུག་ལྡན་དང་གནོད་པ་ཡོད་པའི་དངོས་རྫས། འབར་སླ་བ་དང་འགད་སླ་བའི་དངོས་རྫས་དག་བེད་སྤྱོད་དང་དོ་དམ་ལམ་ལུགས་འཐུས་ཚང་གཟུག་དགོས་ཤིང་། དེ་དག་བདེ་འཇགས་ཀྱི་གནས་ཤིག་ཏུ་ཉར་དགོས་ལ་ད་དུང་ཆེད་བསྐོས་མི་སྣ་དམིགས་བཙུགས་བྱས་ནས་བདག་ཉར་བྱ་རུ་འཇོག་དགོས་པར་མ་ཟད། དུག་ལྡན་དང་གནོད་པ་ཡོད་པའི་སྙིགས་རོ་གཅིག་གྱུར་གྱིས་བསྡུ་བའམ་རིགས་བགར་ནས་གསོག་ཉར་བྱས་རྗེས། འོས་མཐུན་གྱི་ཐོབ་ཐང་ལྡན་པའི་ལས་ཁུངས་སུ་སྐྱེལ་འདྲེན་དང་ཐག་གཅོད་བྱེད་པར་སྤྲད་དགོས།

        (7) ནད་ཕོག་ཡོད་པའམ་ཡང་ན་གཞན་པའི་རྒྱུ་རྐྱེན་གྱི་དབང་གིས་སློབ་གསོའི་སློབ་ཁྲིད་དང་བྱ་བར་རོགས་འདེགས་བྱེད་པར་མི་འཚམས་པའི་དགེ་རྒན་དང་ལས་བཟོ་བ་རྣམས། དུས་ལྟར་འོས་མཐུན་གྱི་བྱ་བའི་ལས་གནས་སྟེང་སྤོ་དགོས།

        (8) ཁྲིམས་ལྟར་མེ་འགོག་འགན་འཁྲི་ལག་ཏུ་བསྟར་ཏེ། དུས་ལྟར་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་མེད་པར་བཟོ་དགོས།

        (9) སློབ་གྲྭའི་རླངས་འཁོར་དང་གཞན་པའི་ཁ་ལོ་བའི་བདེ་འཇགས་དོ་དམ་ལམ་ལུགས་འཐུས་ཚང་གཟུག་དགོས་ཤིང་། སློབ་གྲྭའི་རླངས་འཁོར་དང་གཞན་པའི་ཁ་ལོ་བ་རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་གཏན་འཁེལ་དང་མཐུན་དགོས།

        (10) སློབ་གྲྭའི་སྒོ་སྲུང་དོ་དམ་སོགས་ནང་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་ལམ་ལུགས་བཙུགས་ཏེ། ཆེད་བསྐོས་བདེ་སྲུང་ངམ་ཡང་ན་འགན་འཁྲི་ཏན་ཏིག་གིས་སྒྲུབ་ཐུབ་མཁན་གྱི་མི་སྣར་སྒོ་སྲུང་དང་གཞན་པའི་བདེ་སྲུང་མི་སྣར་འགན་འཁུར་དུ་འཇོག་དགོས་པར་མ་ཟད། སློབ་གྲྭ་རུ་འཚམས་འདྲིར་ཡོང་མཁན་དང་རླངས་འཁོར་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས།

        (11) ལྟ་སྐྱོང་མཁན་གྱིས་ཡིག་ངོས་ནས་བརྡ་བཏང་བ་ལས་གཞན་སློབ་གྲྭས་རང་འགུལ་གྱིས་ཤེས་རྟོགས་བྱུང་བའི་གཟུགས་གཞི་ཁྱད་པར་ཅན་ནམ་ཡང་ན་ནད་ཀྱི་དབང་གིས་སློབ་གསོའི་སློབ་ཁྲིད་བྱ་འགུལ་ག་གེ་མོར་ཞུགས་པར་མི་འཚམ་པའི་སློབ་མ་ལ། དགོས་ངེས་ཀྱི་བདག་སྐྱོང་བྱ་དགོས་པ་དང་། སློབ་གྲྭ་རུ་སློབ་སྦྱོང་བྱེད་པར་མི་འཚམ་པའི་སློབ་མར་གནང་བ་ཞུ་བའམ་ཡང་ན་སློབ་མཚམས་བཞག་ཏུ་འཇོག་དགོས།

        6. སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ་རྣམས་ཀྱིས་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ།  བྱ་བའི་སྒྲིག་ལམ་བརྩི་སྲུང་བྱ་དགོས་ལ། ལས་རིགས་ཀྱི་ཀུན་སྤྱོད་དམ་སྲུང་བྱས་ཏེ་ནན་ཏན་གྱིས་བྱ་བའི་འགན་འཁྲི་ལག་ཏུ་བསྟར་དགོས་ཤིང་། རང་འགུལ་གྱིས་བྱ་བའི་ལས་གནས་དང་བྲལ་མི་ཆོག་པ་དང་། བརྙས་བཅོས་དང་མཐོང་ཆུང་། ལུས་ཆད་གཅོད་པའམ་ཡང་ན་རྣམ་པ་འགྱུར་བའི་ལུས་ཆད་གཅོད་པ་དང་གཞན་པའི་སློབ་མར་གནོད་འཚེ་གཏོང་བའི་བྱ་སྤྱོད་སྤེལ་མི་ཆོག་ལ།  བྱ་བའི་ཁྲོད་བཀོལ་སྤྱོད་སྒྲིག་སྲོལ་དང་གཞན་པའི་འབྲེལ་ཡོད་གཏན་འཁེལ་དང་འགལ་མི་ཆོག

        7. སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ་རྣམས་ཀྱིས་རྩ་འཛུགས་བྱས་ཏེ་སློབ་མ་སློབ་གསོའི་སློབ་ཁྲིད་བྱ་འགུལ་ལ་ཞུགས་དུས། སློབ་མའི་ན་ཚོད་དང་ཤེས་རྟོགས་བྱེད་ནུས། ལུས་སེམས་ཀྱི་ཁྱད་ཆོས་བཅས་གཞིར་བཟུང་སྟེ་བདེ་འཇགས་སློབ་གསོ་གཏང་དགོས། སློབ་མའི་བྱ་སྤྱོད་ལ་ཉེན་ཁའི་རང་བཞིན་ལྡན་པའམ་ཡང་ན་སློབ་མར་གནོད་འཚེ་ཕོག་སྲིད་པ་ཤེས་རྟོགས་བྱུང་དུས། དུས་ལྟར་ཁ་ཏ་དང་བཀག་འགོག སྲུང་སྐྱོང་བཅས་བྱ་དགོས་ཤིང་། དགོས་ངེས་ཀྱི་སྐབས་སུ་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུས་ཏེ་ཐག་གཅད་དུ་འཇོག་དགོས།

        8. སློབ་གྲྭས་རང་འགུལ་གྱིས་སློབ་མ་གསར་པ་ཐོན་པའི་སློབ་མའི་ཕ་མའམ་ཡང་ན་ལྟ་སྐྱོང་མཁན་གཞན་པས་ལུས་པོའི་བདེ་ཐང་གི་གནས་ཚུལ་རྒྱུས་ལོན་བྱ་དགོས། གཟུགས་གཞི་ཁྱད་པར་ཅན་ནམ་ཡང་ན་དམིགས་བསལ་གྱི་ནད་གཞི་ཡོད་པའི་སློབ་མའི་ཕ་མའམ་ཡང་ན་ལྟ་སྐྱོང་མཁན་གཞན་པས་དུས་ལྟར་སློབ་གྲྭར་ཡིག་ངོས་ནས་བརྡ་གཏང་དགོས་པར་མ་ཟད། སློབ་གྲྭར་རིམ་པ་གཉིས་པའི་ཡན་གྱི་སྨན་བཅོས་སྡེ་ཁག་གིས་བཏོན་པའི་ནད་གཞི་དང་འབྲེལ་ཡོད་ཀྱི་ཡིག་ངོས་རྒྱུ་ཆ་མཁོ་འདོན་བྱ་དགོས། དེའི་ཕ་མའམ་ཡང་ན་ལྟ་སྐྱོང་མཁན་གཞན་པ་དམིགས་བསལ་གནས་ཚུལ་གྱི་དབང་གིས་སློབ་གྲྭར་བརྡ་གཏོང་མ་ཐུབ་ཚེ། མི་གཞན་ལ་མངགས་བཅོལ་བྱས་ཏེ་བརྡ་གཏང་ཆོག དེ་སློབ་མའི་གསང་དོན་དང་འབྲེལ་ཡོད་ན་སློབ་གྲྭས་གསང་བ་དམ་སྲུང་བྱ་དགོས།

གནོད་འཚེའི་དོན་རྐྱེན་གྱི་ཐག་གཅོད་བྱེད་སྟངས།

        1. སློབ་མར་གནོད་འཚེའི་དོན་རྐྱེན་བྱུང་ཚེ། སློབ་གྲྭས་མྱུར་དུ་རོགས་སྐྱོབ་བྱེད་ཐབས་སྤྱད་དགོས་ཤིང་། གནོད་འཚེའི་ཕོག་མཁན་གྱི་སློབ་མ་ཉེ་འཁོར་གྱི་སྨན་བཅོས་སྡེ་ཁག་ཏུ་བསྐྱལ་ནས་སྨན་བཅོས་བྱ་དགོས་པ་དང་། དོན་རྐྱེན་བྱུང་སའི་ཡུལ་དངོས་ལ་སྲུང་སྐྱོང་བྱས་ཏེ་འབྲེལ་ཡོད་ཀྱི་དཔང་རྟགས་ལ་ཉར་སྲུང་ལེགས་པོ་བྱ་དགོས་པར་མ་ཟད། དུས་ལྟར་སློབ་མའི་ཕ་མའམ་ཡང་ན་ལྟ་སྐྱོང་མཁན་དང་ཉེན་སྲུང་ཀུང་སིར་བརྡ་གཏང་དགོས།

སློབ་མ་སློབ་གྲྭ་རུ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་སྐབས་དང་འབྲེལ་ཡོད་འགན་འཁུར་དགེ་རྒན་ནི།

        (1) སྔ་དྲོ་སློབ་གྲྭར་སོང་བ་ནས་ཞོགས་སྦྱོང་བར། འཛིན་བདག་གམ་ཡང་ན་ཉིན་དེའི་སྲིད་འཛིན་ལས་རེས་མགོ་ཁྲིད་ཀྱིས་འགན་འཁུར་དགོས།

        (2) སློབ་ཁྲིད་བར་གསེང་ནས་ངལ་གསོའི་བར། སློབ་གསེང་མཛུབ་སྟོན་དགེ་རྒན་དང་ཀུན་སྤྱོད་ཁྲུའུ་ཡི་མགོ་ཁྲིད་ཀྱིས་འགན་འཁུར་དགོས།

        (3) སློབ་ཁྲིད་སྐབས་སུ། སློབ་ཁྲིད་དགེ་རྒན་དང་སློབ་སྟོན་ཁྲུའུ་ཡི་མགོ་ཁྲིད་ཀྱིས་འགན་འཁུར་དགོས།

        (4) ཆེས་མཐའ་མཇུག་གི་སློབ་ཁྲིད་ནས་སློབ་མ་སློབ་གྲྭ་རུ་ཁ་བྲལ་བའི་བར། འཛིན་བདག་དང་སློབ་གྲྭའི་རླངས་འཁོར་སྒུག་ཁང་གི་དགེ་རྒན། བདེ་འཇགས་གཞུང་སྒྲུབ་ཁང་གི་མགོ་ཁྲིད་བཅས་ཀྱིས་འགན་འཁུར་དགོས།

        (5) དྲོས་ཇའི་སྐབས་སུ། འཛིན་བདག་གམ་ཡང་ན་ཐོག་ཁང་གི་ལས་རེས་མགོ་ཁྲིད་ཀྱིས་འགན་འཁུར་དགོས།

        (6) བྱ་འགུལ་ཆེ་ཤོས་སྤེལ་བའི་སྐབས་སུ། བྱ་འགུལ་རྩ་འཛུགས་སྡེ་ཁག་གི་མགོ་ཁྲིད་དང་འཛིན་བདག་གིས་འགན་འཁུར་དགོས།

        (7) སློབ་སྟོན་ཁྲུའུ་ཡིས་འབྲེལ་ཡོད་དགེ་རྒན་གྱི་སློབ་ཚན་བཀོད་སྒྲིག་གི་འགན་འཁུར་དགོས།

སློབ་མ་སློབ་གྲྭ་རུ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་བའི་ཐག་གཅོད་བརྒྱུད་རིམ།

        (1) འབྲེལ་ཡོད་དགེ་རྒན་གྱིས་མྱུར་དུ་རྩ་འཛུགས་བྱས་ཏེ་སྨན་ཁང་དུ་བསྐྱལ་དགོས་ཤིང་། སྔོན་ལ་སྤྱི་གཉེར་ཁྲུའུ་ཡིས་སྨན་བཅོས་གྲོན་དངུལ་མཁོ་འདོན་བྱ་དགོས་ལ་གཞུང་སྒྲུབ་ཁང(ཀུན་སྤྱོད་ཁྲུའུ)གིས་རླངས་འཁོར་གྲ་སྒྲིག་བྱ་དགོས།

        (2) ཀུན་སྤྱོད་ཁྲུའུ(སློབ་གཙོ་གཞུང་སྒྲུབ་ཁང)ལ་གནས་ཚུལ་ཡར་ཞུ་བྱ་དགོས་པར་མ་ཟད། དུས་ལྟར་སློབ་མའི་ཁྱིམ་བདག་ལའང་བརྡ་གཏང་དགོས།

        (3) ཀུན་སྤྱོད་ཁྲུའུ་ཡི་མགོ་ཁྲིད་ཀྱིས་དོན་དངོས་ལེགས་སྒྲིག་དང་དོན་རྐྱེན་གྱི་བརྒྱུད་རིམ་ཕྲ་ཞིང་ཞིབ་པའི་སྒོ་ནས་ཞིབ་བཤེར་བྱེད་པར་འགན་འཁུར་དགོས།

        (4) འཛིན་བདག་དང་འབྲེལ་ཡོད་དོ་བདག་པས་རྗེས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།

        (5) བདེ་འཇགས་གཞུང་སྒྲུབ་ཁང་གིས་དོན་རྐྱེན་བྱུང་བ་དང་ཐག་གཅོད་བྱས་པའི་བརྒྱུད་རིམ། ཐག་གཅོད་མཇུག་འབྲས་བཅས་ཟིན་བྲིས་སུ་བཏབ་ནས་གྱོད་དོན་ཐོ་འགོད་བྱ་དགོས།

        2. སློབ་མར་གནོད་འཚེའི་དོན་རྐྱེན་བྱུང་ཚེ། སློབ་གྲྭས་དུས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པར་རྩ་འཛུགས་བྱ་དགོས་པར་མ་ཟད། སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ཀྱང་ཞིབ་བཤེར་ཐག་གཅོད་བྱེད་པར་རྩ་འཛུགས་བྱ་དགོས། སློབ་མར་གནོད་འཚེའི་དོན་རྐྱེན་ཚབས་ཆེན་བྱུང་ཚེ། སློབ་གྲྭ་ཡོད་སའི་མི་དམངས་སྲིད་གཞུང་གིས་སློབ་གསོ་དང་། སྤྱི་བདེ། འཕྲོད་བསྟེན། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་སོགས་སྡེ་ཁག་རྩ་འཛུགས་བྱས་ཏེ། མཉམ་འབྲེལ་ཞིབ་བཤེར་ཚོགས་པ་བཙུགས་ནས་དོན་རྐྱེན་ལ་ཞིབ་བཤེར་བྱ་དགོས་པར་མ་ཟད། དོན་རྐྱེན་བྱུང་བའི་ཉིན30ནང་དོན་རྐྱེན་ལ་ཞིབ་བཤེར་བྱས་པའི་ཐག་གཅོད་བསམ་འཆར་ཡང་གདོན་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འཁེལ་ལས་གཏན་འཁེལ་གཞན་ཡོད་པ་དེ་ལྟར་གཏན་འཁེལ་བྱ་དགོས།

        3. གནོད་འཚེ་ཕོག་པའི་སློབ་མའི་ཕ་མའམ་ཡང་ན་ལྟ་སྐྱོང་མཁན་གཞན་པ་སློབ་མའི་གནོད་འཚེའི་དོན་རྐྱེན་གྱི་ཞིབ་བཤེར་ཐག་གཅོད་ལ་ཟབ་ཞུགས་བྱ་ཆོག་ལ། སློབ་མའི་གནོད་འཚེའི་དོན་རྐྱེན་དང་འབྲེལ་ཡོད་ཞིབ་བཤེར་ཐག་གཅོད་གནས་ཚུལ་ལ་རྒྱུས་ལོན་བྱེད་དབང་ཡོད་ཅིང་། སློབ་གྲྭ་དང་འབྲེལ་ཡོད་སྡེ་ཁག་གིས་གནས་ཚུལ་དྲང་བདེན་གྱིས་བཤད་དགོས།

        4. དོན་རྐྱེན་གྱི་དམངས་དོན་སྐྱིན་ཚབ་འཇལ་བའི་དོན་ཚན་ནི་དོ་བདག་པས་རང་འཐད་ཀྱིས་གྲོས་མོལ་བྱས་ཏེ་ཐག་གཅོད་བྱེད་པའམ་ཡང་ན་སློབ་གྲྭ་ཡོད་སའི་སློབ་གསོའི་སྲིད་འཛིན་སྡེ་ཁག་སོགས་ལ་སྙན་ཞུ་ཕུལ་ཏེ་འདུམ་འགྲིག་བྱེད་དུ་བཅུག་ཆོག་ལ། ཁྲིམས་ལྟར་འདུམ་གཅོད་སྙན་ཞུའམ་ཡང་ན་ཞུ་གཏུག་ཀྱང་བྱ་ཆོག  

དོན་རྐྱེན་གྱི་གནོད་འཚེའི་སྐྱིན་ཚབ་འཇལ་སྟངས།

        1. སློབ་མའི་གནོད་འཚེའི་དོན་རྐྱེན་གྱི་འགན་འཁུར་མཁན་གྱིས་ནོར་འཁྲུལ་བྱུང་ཚད་གཞིར་བཟུང་སྟེ་གནོད་འཚེ་ཕོག་མཁན་གྱི་སློབ་མར་སྐྱིན་ཚབ་གཞལ་དགོས།

        2. དོ་བདག་པར་ནོར་འཁྲུལ་ཅི་ཡང་མེད་ཚེ། དོན་དངོས་གནས་ཚུལ་གཞིར་བཟུང་སྟེ་དྲང་གཞག་རྩ་དོན་ལྟར་དོ་བདག་པས་འོས་འཚམ་གྱིས་དཔལ་འབྱོར་གྱོང་གུད་འཁུར་དགོས།

        3. སློབ་མའི་གནོད་འཚེའི་དོན་རྐྱེན་གྱི་སྐྱིན་ཚབ་འཇལ་བའི་གྲོན་དངུལ་གྱི་ཁྱབ་ཁོངས་དང་ཚད་གཞི་ནི། རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་གཏན་འཁེལ་ལྟར་དོན་རྐྱེན་གྱི་བྱེ་བྲག་གནས་ཚུལ་གཞིར་བཟུང་སྟེ་གཏན་ལ་དབབ་དགོས།

        4. སློབ་གྲྭའི་དགེ་རྒན་དང་ལས་བཟོ་བས་ལས་འགན་ལག་བསྟར་བྱེད་པའི་ཁྲོད་སློབ་མར་གནོད་འཚེའི་དོན་རྐྱེན་བཟོས་ཚེ། སློབ་གྲྭས་སྐྱིན་ཚབ་གཞལ་འགན་འཁུར་རྗེས། བསམ་བཞིན་ནམ་ཡང་ན་ལས་འཛོལ་ཚབས་ཆེན་ཡོད་པའི་འགན་འཁུར་མཁན་ལ་སྐྱིན་ཚབ་བདའ་འདེད་བྱ་ཆོག