བོད་རིགས་འཁྲབ་ཁྲིད་པ་བསྟན་འཛིན་དབང་རྒྱལ་ལ་གསེར་བྱ་རྟགས་མ་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-31   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

        ཟླ12པའི་ཚེས30ཉིན་གྱི་དགོང་མོར། ཀྲུང་གོའི་གློག་བརྙན་བྱ་དགའ་གསེར་བྱ་རྟགས་མ་སྐབས34པའི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་དེ་ཧྥུ་ཅན་ཞིང་ཆེན་གྱི་གྲོང་ཁྱེར་ཞ་མོན་དུ་བསྡུས།  སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟུང་ཆུ་རྫོང་གི་འཁྲབ་ཁྲིད་པ་བསྟན་འཛིན་དབང་རྒྱལ་གྱི་གློག་བརྙན་《རླུང》ཞེས་པར་ཀྲུང་གོའི་གློག་བརྙན་བྱ་དགའ་གསེར་བྱ་རྟགས་མ་སྐབས34པ་རུ་འཁྲབ་ཁྲིད་པའི་བརྩམས་ཆོས་ཐོག་མ་ཆེས་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

        ཁོང་གིས་ཡུལ་དངོས་ནས་བྱ་དགའ་ཐོབ་པའི་མྱོང་ཚོར་བརྗོད་དོན། གསེར་བྱའི་གློག་བརྙན་དུས་ཆེན་ནི་ང་རང་ཞུགས་པའི་གློག་བརྙན་དུས་ཆེན་དང་པོ་ཡིན། ཕ་ས་ཕ་ཡུལ་གྱིས་ང་རང་གཅེས་པར་བསྐྱངས་པར་ཐུགས་རྗེ་ཆེ་ཞུ། དེ་མིན་གློག་བརྙན་འཁྲབ་ཚན་ཚོགས་ཆུང་གི་འཁྲབ་སྟོན་པ་རྣམས་ཀྱིས་གླ་ཆ་ཧ་ཅང་ཉུང་ཉུང་མ་གཏོགས་མེད་པའི་གནས་ཚུལ་འོག་ང་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གསེར་བྱ་རྟགས་མ་དང་ངའི་སྡེ་མི་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གྲོང་ཚོའི་ནང་གི་མི་ཚང་མས་ཐད་གཏོང་ལ་ལྟ་བཞིན་ཡོད་ཅིང་།   ཁོང་ཚོ་ཧ་ཅང་དགའ་འདུག   ངས་མུ་མཐུད་དུ་འབད་བརྩོན་བྱས་ནས་གྲངས་ཉུང་མི་རིགས་ཀྱི་གཏམ་རྒྱུད་མང་པོ་གློག་བརྙན་སྒྱུ་རྩལ་གྱི་ལམ་ནས་བསྟན་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས་ཞུ།