བོད་ཀྱི་སྤྱིན་བཟོ་སྟངས་ལ་རྒྱུས་མངའ་ཡོད་དམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-29   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

     སྤྱིན་ནི་ཤིང་གི་སྦྱར་རྩིར་མེད་ཐབས་མེད་པ་མ་ཟད། ཐང་ག་བཞེངས་པ་དང་། ལྡེབས་རིས་འབྲི་བ། ཁང་ཚོན་གཏོང་བ་སོགས་ལའང་མེད་ཐབས་མེད་པ་མཐོང་ཆོས་སུ་གྱུར། དཔྱད་གཞིའི་ཡིག་ཆ་དག་ལས་སྤྱིན་ལ་དབྱེ་ན་ཕྱུགས་ཟོག་གི་ཀོ་བའི་སྤྱིན་དང་། རྟ་ལྤགས་ཀྱི་སྤྱིན། རྭ་སྤྱིན། ཉ་སྤྱིན། བསེ་རུའི་སྤྱིན་སོགས་ཡོད་ལ། དེ་དག་གི་ཁ་དོག་དང་། ནུས་པ། རྒྱུ་ཆ་སོ་སོའི་འཕྲོད་ཚད་བཅས་མི་འདྲ་བས་སྤྱོད་གོ་ཡང་མི་འདྲ་བ་རེ་ཡོད་པར་གྲགས། འོན་ཀྱང་བོད་ཀྱི་ས་ཁམས་དང་ཐོན་ཁུངས་སོགས་དབང་གིས་ཀོ་སྤྱིན་དང་རྭ་སྤྱིན་གཉིས་གཙོ་བོར་སྤྱོད་ཀྱི་ཡོད། 
    ཀོ་སྤྱིན་བཟོ་བའི་ཀོ་བ་ལེགས་ཤོས་ནི་དཔྱིད་དུས་ཤི་བའི་ཕྱུགས་ཟོག་ཡིན་དགོས། དེའི་པགས་པར་ཞག་ཚིལ་ཉུང་བས་བཟང་བར་བརྩི་གི་ཡོད། སྤྱིར་ཀོ་སྤྱིན་བཟོ་སྐབས་ཀོ་བ་སྤུ་བཤུད་གཙང་མ་གཏོང་བ་དང་སྐྱི་ལྤགས་དག་པོ་བཤུད་ནས་དྲེག་པ་དང་། ཞག་ཚིལ། རྡུལ་སོགས་གཙང་སེལ་བྱས་རྗེས་གཡའ་མི་རྒྱག་པའི་སྣོད་དུ་རོབ་ཙམ་བཙོས་ནས་ཁུ་བ་ཕུད་རྗེས། སླར་ཡང་སྣོད་གཙང་མའི་ནང་དུ་ཀོ་བ་མ་བཞུར་བར་གདུས་ནས་ཁུ་བ་དུ་གྱུར་ནས་ཧྲེང་པོར་གྱུར་རྗེས་སྐེམ་དགོས་པ་དེ་ཡིན་ཞིང་། བརྒྱུད་རིམ་དེའི་ནང་ཐལ་རྡུལ་རྩ་བ་ནས་མི་འཛུལ་བ་བྱེད་དགོས།
    རྭ་སྤྱིན་ནི་རྭ་སྙིང་བཏོན་རྗེས་ཧྲོབ་ཙམ་བརྡུངས་ནས་བཙོ་བ་དང་ཁུ་བ་དོར་བཞིན་འདམ་པ་ལྟར་མ་གྱུར་བར་དུ་གདུས་རྗེས་སྐེམ་དགོས། ཀོ་སྤྱིན་དང་རྭ་སྤྱིན་གཉིས་ཀྱི་ཁྱད་པར་ནི་ཀོ་སྤྱིན་ཕོན་ཆེ་ལ་བཙོ་སླ་བ་དང་དྭངས་ཚད་ཅུང་ཟད་ཞན། རྭ་སྤྱིན་ནི་འཚོས་ཁག་ལ་ཕོན་ཆུང་བ་དང་དེ་ཙམ་མཉེན་པོ་མེད་རུང་། ཚི་ཆེན་པོ་ཡོད་པར་གྲགས། འོན་ཀྱང་ཁ་ཚ་དགོས་གཏུགས་ཀྱི་སྐབས་སུ་ཐབས་ཤེས་ཡོད་པ་ཡིན་ཏེ། ཀོ་ལྤགས་དང་རྭ་ཅོ་གང་རུང་ཞིབ་ཙམ་བརྡུངས་པའམ་བཏུབས་རྗེས་བཙོས་ནས་ཡོངས་སུ་མ་བཞུར་ཙམ་དུ་བླངས་ནས་ཤིང་གི་ཐོ་བས་རྡོ་གཏུན་དུ་བརྡུངས་མཐར་བཙོས་པ་དང་སྙིགས་མ་རྣམས་ཚགས་བརྒྱབ་རྗེས་གོང་ལྟར་བྱས་ན་ཆོག་པ་ཡིན། ཡིད་གཟབ་བྱ་དགོས་པའི་གནས་ནི་ངེས་པར་དུ་ལྷད་མི་ཞུགས་པ་གཙོ་བོར་བྱ་རྒྱུ་དེ་ཡིན་ནོ།