སེམས་ཀྱི་ཉི་ཟླ་ནས་ཕྱག་ཕྲེང་བར་གྱི་ཕུག་ལམ་ཏལ་འབིགས་ཐུབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ12པའི་ཚེས་27ཉིན། སེམས་ཀྱི་ཉི་ཟླ་ནས་ཕྱག་ཕྲེང་བར་གྱི་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ་གངས་རིའི་ཕུག་ལམ་ཆེན་པོ་དེ་ཉིན་མཚན་820ལྷག་ཙམ་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་བདེ་བླག་ངང་མཐུད་པ་བྱུང་བ་དེ་སེམས་ཀྱི་ཉི་ཟླ་ནས་ཕྱག་ཕྲེང་བར་གྱི་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་པ་མཚོན་ཡོད། 

    ཤེས་རྟོགས་བྱུང་བར་གཞིགས་ན།གངས་རི་ཆེ་མོའི་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྨི་2120དང་གཏིང་ཚད་ལ་སྨི་465ཟིན་གྱི་ཡོད།དེ་ནི་སེམས་ཀྱི་ཉི་ཟླ་ནས་ཕྱག་ཕྲེང་བར་གྱི་གཞུང་ལམ་རྣམ་གྲངས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་དང་དཀའ་གནད་ཆེ་ཤོས་ཀྱི་ལས་གྲྭ་ཞིག་རེད།ཕུག་ལམ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3900ཟིན་པ་དང་ཨར་སྐྲུན་གྱི་ཆ་རྐྱེན་ཧ་ཅང་ཞན་ལ་ཕུག་ལམ་གྱི་ཕྱིར་གཏོང་རྒྱུ་ཆ་སྐྱེལ་འདྲེན་བྱེད་སྐབས་ས་བབ་མཐོ་ཚད་སྨི་4386ཟིན་པའི་གངས་རི་ཆེན་པོར་འཛེག་དགོས་པས་ཐོན་ཁུངས་བཀོད་སྒྲིག་བྱེད་དཀའ་བ་དང་།དུས་མཚུངས་སུ་ཨར་ལས་བྱེད་ཡུན་ཐུང་བ་དང་།ས་གཤིས་ཆ་རྐྱེན་ཞན་པ།ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་མཐོ་བ་བཅས་ཀྱི་དཀའ་ངལ་འཕྲད་ཡོད།

    སེམས་ཀྱི་ཉི་ཟླ་ནས་ཕྱག་ཕྲེང་བར་གྱི་གཞུང་ལམ་རྣམ་གྲངས་ནི་ཡུན་ནན་ཞིང་ཆེན་གྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ནང་གི་འགྲིམ་འགྲུལ་འཛུགས་སྐྲུན་ལས་གྲྭ་གལ་ཆེན་ཞིག་ཡིན།རྣམ་གྲངས་དེ་སེམས་ཀྱི་ཉི་ཟླའི་ཅུན་མ་ཁྲང་ནས་འགོ་བཙུགས་པ་དང་། མཇུག་འགྲིལ་ས་དེ་གངས་རི་ཆེན་མོའི་ལ་ཁུག་དང་གཏེར་མ་རོང་གི་གཞུང་ལམ་དང་སྦྲེལ་ཡོད།གཏེར་མ་རོང་གཞུང་ལམ་དང་སི་ཁྲོན་ཞིང་ཆེན་གྱི་གཞུང་ལམ་S461ལམ་ཐིག་དང་སྦྲེལ་བ།གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་97.505ཟིན་ཡོད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བྱང་རྒྱུད་ས་ཁུལ་གྱི་སྐད་ཚགས་ཤང་དང་གཏེར་མ་རོང་ལ་བརྒྱུད་ཡོད་པ་དང་།སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་གི་གཞུང་ལམ་གཙོ་བོ་དང་འབྲེལ་མཐུད་བྱས་ཡོད་ལ།ཡུན་ནན་དང་སི་ཁྲོན་ཕན་ཚུན་སྦྲེལ་མཐུད་ཀྱི་འཛུགས་སྐྲུན་ལས་གཞི་གཙོ་བོ་ཞིག་ཀྱང་ཡིན་པ་རེད།

    སེམས་ཀྱི་ཉི་ཟླ་ནས་ཕྱག་ཕྲེང་བར་གྱི་གཞུང་ལམ་རྣམ་གྲངས་དེ་2019ལོའི་ཟླ་9་པར་དངོས་སུ་ལས་འགོ་ཚུགས་པ་དང་།མིག་སྔའི་བར་ལམ་ཐིག་ཡོངས་ཀྱི་ལམ་གཞིའི་ལས་གྲྭ་ཁྱོན་ཡོངས་ནས་བསྐྲུན་ཟིན་ནས་གོ་རིམ་བསྒྱུར་བའི་དུས་མཚམས་སུ་སླེབས་པ་དང་།གྲོང་ཁུལ་གྱི་འབྲེལ་མཐུད་ལས་གྲྭ་ཁག་གཅིག་ལམ་ངོས་ལས་གྲྭའི་ཨར་ལས་ནང་བདེ་བླག་ངང་ཞུགས་ཡོད་ལ།ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་གངས་རིའི་ཕུག་ལམ་ཡང་བདེ་བླག་ངང་ཤར་གཏོང་ཐུབ་པ།རྣམ་གྲངས་སྔོན་དཔག་བྱས་ན་སང་ལོའི་ལོ་མཇུག་གོང་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།

སེམས་ཀྱི་ཉི་ཟླ་ནས་ཕྱག་ཕྲེང་བར་གྱི་གཞུང་ལམ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བར་གྱི་ཕན་ཚུན་སྦྲེལ་མཐུད་ཀྱི་ལམ་བུ་གལ་ཆེན་ཞིག་ཡིན་པས།ཡུན་ནན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་བོད་འབྲེལ་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ་དང་།ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ།མི་རིགས་མཐུན་སྒྲིལ་ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན་ཡོད།