མེས་པོའི་སྦྲ་ནག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-27   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

    འབྲོག་པ་ལ་འབྲོག་སྦྲ་ནག་ཅན་ཟེར་བ་ལས་ཀྱང་སྦྲ་ནག་ནི་བོད་འབྲོག་གི་མགོ་སྦྲ་ཁྱད་པར་ཅན་དེ་ཡིན་པ་ཤེས་ཐུབ། སྦྲ་ནག་ཡོད་ཚད་ཀྱི་རྒྱུ་ཆས་གཅིག་པ་ཡིན་ཞིང་། བཟོ་བཀོད་ཀྱི་དབྱིབས་ཅུང་མི་འདྲ་བ་ཙམ་ལས་ཁྱད་པར་ཆེར་མེད།
     སྦྲ་ནག་གི་ཟུང་ཁ་སྒྲོག་བྱེད་ལ་ཕོ་སྒྲོག་དང་མོ་སྒྲོག་ཟེར་ནས་ཆ་རུ་ཆར་ལོང་དུ་མ་ཡོད་པའི་ནང་དུ་ཀ་ར་སྦོམ་ཞིང་དྲང་བ་ཞིག་ཡོད་པར་སྒལ་ཤིང་ཟེར་ཞིང་། སྦྲ་ནག་བཟོ་དབྱིབས་གཞན་ལ་ཟུང་ཁའི་སྒལ་ཤིང་གྱུ་བཞིའི་ནང་ཀ་མི་དགོས་པའང་ཡོད། སྤྱིར་བཏང་དུ་དེ་ལ་འགེར་བྱེད་ཀ་ར་ནོར་གནག་གི་སྐེ་ཐོ་དང་སྦྲེལ་བ་གཉིས་དང་། སྦྲ་ཆེ་བ་ཞིག་ཡིན་ན་གསུམ་མམ་བཞི་ཡོད་དོ།། སྦྲའི་གཡས་ཟུང་གི་སྟེང་དུ་ལོགས་སུ་སྦྲེ་ལྡེ་གཅིག་གསབ་སྟེ་གཡོན་ཕྱོགས་སུ་འཐེན་ལྷོད་ཀྱིས་ཟུང་ཁ་ཕྱེ་བསུམ་ཐུབ་པ་བྱས་པ་ལ་ཁ་ཚུབ་ཟེར། ས་ཆ་ལ་ལར། སྦྲའི་སྒོ་ཕུག་གི་དཀྱིལ་དང་ཁ་ཚུབ་དཀར་བོ་བྱེད་སྲོལ་ཡོད། སྦྲ་སྒོ་མར་འཐེན་བྱེད་ལ་སྒོ་ཆོན་ཞེས་རིང་ཐུང་གཉིས་ཡོད་པ་རེ་རེ་ལ་འགེར་བྱེད་ཀ་ར་རེ་དང་། སྦྲ་ཕུག་ཡར་འཐེན་བྱེད་ལ་ཕུག་ཆོན་ཞེས་རིང་ཐུང་གཉིས་ཡོད་པ་རེ་རེ་ལ་རིང་ཐུང་འོས་འཚམ་གྱི་ཀ་ར་རེ། སྦྲ་ཀླད་གྲུ་བཞིར་མངོན་བྱེད་ལ་ཕྱོགས་བཞིར་ནང་འགེར་ཀ་ར་བཞི་ཡོད་པ་ལ་ནང་ཀ་བཞི་ཟེར། ནང་ཀ་བཞི་བོའི་མགོ་ན་སྦྲེ་ཡིས་བཟོས་པའི་ཞྭ་མགོ་རེ་ཡོད་པ་གྱུ་ཞྭ་ཟེར། ཟུང་ཁའི་ཆ་རུ་སྒལ་ཤིང་གི་སྟེང་དུ་ཕུད་པ་བརྒྱུད་ནས་དྲངས་པའི་སྒོ་ཕུག་གཉིས་ཀྱི་ཀླད་གྲུ་བཞིར་མངོན་ཆེད་ནང་ཐིག་སྦོམ་པོ་ཉིས་གཤིབ་རེ་ཡོད་པ་ལ་ཕྲག་ཐག་ཟེར་ཞིང་། ཕྲག་ཐག་བཞི་བོ་གྱུ་ཞྭའི་མཚམས་ཀྱི་ཕྲག་ཐག་གི་ཆར་ལོང་ངམ་ཨ་ལོང་བརྒྱུད་སྦྲ་སྟེང་ནས་ཕྱི་ལ་འཐེན་པ་ལ་གྱུ་ཆོན་ཟེར། གྱུ་ཆོན་རེ་ལ་ཀ་ར་རེ་ཡོད། ཡང་ནང་ཐིག་སྦོམ་པོ་ཉིས་གཤིབ་ཅིག་གྱུ་ཞྭའི་མཚམས་ཀྱི་ཕྲག་ཐག་གི་ཆར་ལོང་ངམ་ཨ་ལོང་བརྒྱུད་སྦྲ་ནང་ནས་གྱུ་མགོ་བརྟོལ་ཏེ་ཕྱི་ལ་འཐེན་པ་ལ་གྱུ་ཤན་ཟེར་ཞིང་། གྱུ་ཤན་རེ་ལ་འགེར་བྱེད་ཀ་ཐུང་རེ་ཡོད་པ་ལ་གྱུ་བཀར་ཟེར། གྱུ་མགོའི་མཐའ་སྦྲེ་གཉིས་པོ་ཟུར་དུ་བསྣོལ་ནས་འཐེན་པ་ལ་གྱུ་སྣ་ཟེར། གཞན་ཡང་གྱུ་ཞྭའི་མཚམས་ཀྱི་ཕྲག་གི་ཆར་ལོང་ངམ་ཨ་ལོང་བརྒྱུད་ནང་ཐིག་གཉིས་གྱུ་ཤན་གྱི་ཕན་ཚུན་དུ་ཡོད་པ་ལ་གྱུ་རོགས་ཟེར།
     སྦྲ་ཀླད་ནང་ངོས་ཀྱི་ཟུང་ཁའི་ཆར་ལོང་ནས་ནང་ཐིག་དུ་མ་སྦྲ་ཀླད་ཀྱི་ནང་ངོས་ནས་ཕྱི་ལ་འཐེན་པ་ལ་ཆོན་ཐག་གམ་ཆོན་ཆེན་ཟེར་ཞིང་། དེ་ནས་སྦྲ་མཐའ་འམ་ཆུ་འཛར་འབབ་ས་ནས་ཕྱི་ལ་འཐེན་པ་ལ་ས་འཇུའམ་ཆོན་ཆུང་ཡང་ཟེར། ཆོན་ཆེན་མ་གཏོགས་ས་འཇུ་ལ་ཀ་ར་མི་དགོས། སྒོ་ཆོན་དང་། ཕུག་ཆོན། གྱུ་ཆོན། གྱུ་ཤན། གྱུ་སྣ། ཆོན་ཐག ས་འཇུ་སོ་སོ་ཕུར་བ་ས་ལ་བརྡབས་ནས་དེ་ལ་འདོགས་དགོས། ཆོན་ཐག་གི་བྱེད་ནུས་ཆེ་ཆུང་དང་བསྟུན་ནས་ཕུར་བ་ལ་སྦོམ་ཕྲ་དང་རིང་ཐུང་ཡོད། ཆོན་ཐག་ལ་ཕྱི་ན་སྒོ་ཆོན་དང་ཕུག་ཆོན། གཡས་གཡོན་ན་ཆོན་ཆེན་དང་ཆོན་ཆུང་ཟེར་ནས་ཆོན་ཐག་དང་མཐའ་སྐོར་དུ་ས་འཇུ་དང་སྦྲའི་ཆུ་འཛར་ཡོད། སྦྲ་ལ་ནང་ཀ་དང་ཕྱི་ཀ་དུ་མ་དགོས་ལ། ནང་ཀ་ལ་སྒོ་ཤུག་ཀ་དང་ཕུག་སྟག་མ་བྱེད་པའི་དོན་ནི་ཕྱུག་རྟག་པའི་རྟེན་འབྲེལ་མཚོན་བྱེད་ཡིན། སྦྲ་ནག་གི་ནང་ཐིག་བྲན་ཚུལ་ལ། ཐིགས་ཆུ་མི་ཟེགས་པའི་བྲན་ཚུལ་ཡོད། དེ་ནི་སྦྲ་ནག་གི་གྲུབ་ཚུལ་ཞིབ་ཙམ་ཡིན།
     སྦྲ་ནག་ཕལ་ཆེར་གྱི་ཁྱད་ཆོས་ནི། གསར་ཐུབ་མདོག་ནག་ས་དགྲ་སེལ། ལྷགས་འགོག་བསིལ་སྦྱིན་སྤོར་ཕུབ་སླ། རྒྱུ་ཆས་འཁལ་འཐག་བཟོ་བཀོད་མགྱོགས། རྒྱུ་སྤུས་བཟང་ལ་ཡུན་ཐེག་པ། འབྲོག་མི་སུས་ཀྱང་བརྩི་མཐོང་བྱེད་པའོ།།
     སྦྲ་ནག་གསོ་བཅོས་བྱེད་ཐབས་ལ། ལོ་རེ་བཞིན་སྦྲ་ནག་གི་ཟུང་ཁ་གཡས་གཡོན་དུ། གསར་བཏགས་ཀྱི་སྦྲེ་ལྡེ་གཤམ་རེ་བསྣན་ཚེ། སྦྲེ་གཤམ་རྙིང་བ་ཆུ་འཛར་དུ་འབབ་ཕྱིར་མི་རབས་དུ་མ་སོང་ཡང་སྦྲ་གསར་བ་ཡིན། དེ་དང་མཉམ་དུ། སྦྲ་ཕྱི་ནང་ཐེངས་རེར་བརྗེས་ན། སྦྲ་སྨུག་ཆུང་དུ་བས་གསོ་ཟེར་བ་ལྟར། ལོ་དུ་མ་སོང་ཡང་སྦྲ་མདོག་ནག་ལ་འོད་འཚེར་བའི་ཉམས་དེ་འགྱུར་བ་མེད། གཏམ་དཔེ་ལ། སྦྲ་དང་ཨ་མ་ངོས་ཟིན་སླ་ཟེར་དོན་ནི། སྦྲ་གསོ་བཅོས་བྱེད་ན་ངོ་ལ་ཤར་སླ། མ་ལ་ཞབས་ཞུ་བཟང་བོ་བསྒྲུབ་ན་མ་ངོ་ལོན་སླ་ཟེར་བའི་དོན་རེད།
     སྦྲ་ནག་ལ་སྦྲ་ལེབ་དང་ནག་ཚང་། སྦྲ་མ་ནག་ཟེར་བའི་བཟོ་སྟངས་ཡོད་ཀྱང་། སྤྱིར་བཏང་དུ་རུས་སྦལ་གྱི་དབྱིབས་གཟུགས་ཡིན། འབྲོག་ཁྱིམ་ཕལ་ཆེ་བའི་མགོ་སྦྲ་རུས་སྦལ་དབྱིབས་གཟུགས་བྱེད་དོན་ནི། འབྲོག་རུ་སྤོ་གྲངས་མང་སྟབས། མཚེར་ས་ལེགས་ཉེས་དབྱེ་ཞིབ་བྱེད་དཀའ་བས། རུས་སྦལ་གཟུགས་སུ་འབྱུང་བཞིའི་ཆ་མཚོན་ཕྱིར། འདུ་བ་སྙོམས་ཤིང་ས་དགྲ་བཅོས་པས་མི་ཕྱུགས་བདེ་བར་ཕན་ཟེར།
    སྦྲ་ནག་གི་རྒྱུ་ཆས་ནི་ཟོག་ནག་གི་ཁུལ་རྩིད་ཡིན། རྒྱུ་ཆས་ཡུལ་ཕྱོགས་གཞན་ནས་འཚོལ་མི་དགོས། སྐྱེལ་འདྲེན་ཡང་མི་དགོས། ལོ་རེ་བཞིན་རང་སྒོ་ནས་བླངས་ཆོག
    སྦྲ་ནག་གི་སྦྲེ་ལྡེ་འཁེལ་འཐག་གི་ལག་ཆ་ནི་ཤིང་འཕྲུལ་ལམ་རྭ་འཕྲུལ། བཏག་ཆ་སོགས་ཡིན་ལ། རང་བཟོ་བྱེད་ཆོག ཐགས་འཐག་པའི་ལག་རྩལ་ཡང་འབྲོག་མོ་ཀུན་ལ་ཡོད་པས། ཡུལ་གཞན་ནས་ལག་ཤེས་ཅན་བསུ་སྐྱེལ་བྱེད་མི་དགོས།
    སྦྲ་ནག་གི་དབྱིབས་གཟུགས་མི་འགྱུར་བ་མ་གཏོགས། དེའི་ཆེ་ཆུང་གང་འཚམ་གྱི་ཐབས་ཤེས་འབྲོག་མི་རྒན་གཞོན་ཀུན་གྱིས་ཤེས་པས་རང་གིས་བཟོ་འགོད་བྱས་ཆོག
    འབྲོག་རུ་བ་ཆགས་ཡུལ་ནི་ས་མཐོ་ལ་ཁ་ཞེང་ཡངས་པས་ཁངས་ཙག་ཅི་ཙམ་ཆེ་ཡང་སྦྲ་ནག་ལ་རས་གུར་དང་མི་འདྲ་བའི་ལྷགས་རླུང་ཁངས་གསུམ་འགོག་ཐུབ་པའི་ནུས་པ་ཡོད་དེ། མེས་པོས་བཤད་ན། སྦྲ་རྒན་དུ་བས་འཚང་ན་ཆར་རླུང་ཡོངས་སུ་འགོག་ཐུབ་ཟེར།
     དབྱར་གསུམ་ཚ་བ་ཆེ་བའི་མཐོ་སྒང་དུ་ལས་ལ་བརྩོན་པའི་འབྲོག་མིས་སྦྲ་ནག་གི་གྲིབ་བསིལ་ནང་ནས་ངལ་གསོས་ན་ཆད་སོས་སླའོ།།
     སྦྲ་ནག་ལ་ཐག་ཆོན་མང་བ་ནི་མཚེར་ས་བདེ་གཟར་གང་ལ་ཡང་ཕུབ་ཆོག རླུང་འཚུབ་ཀྱིས་ཁུར་ཉེན་ཆུང་ཕྱིར། ཁེད་ལའང་། འབྲི་གཅིག་ཐག་བརྒྱ་ཟེར་བ་ཡོད།    
     སྦྲ་ལ་ཀ་ཕུར་མང་བས་འབྲོག་བྱང་ཐང་ཤིང་དཀོན་ས་ནས། ཟོག་ཆག་བཤའ་ས་དང་ཤིང་ཆག་བཅིང་ས་ཟེར་བའི་གཏམ་ཡོད།

     སྦྲ་ནག་འདི་རིགས་སྤང་ལྗོངས་མཛེས་གཙང་གང་ལ་ཕུབ་ཀྱང་ས་རྐོ་རྡོ་སློག་བྱེད་མི་དགོས་པས་གནས་གཙང་བར་མ་ཟད་སྤང་ལྗོངས་མཛེས་པར་བྱེད་པའི་རྒྱན་དང་སྦྲ་ནག་ལས་གཡུ་དུད་ལང་ལོང་དུ་འཕྱུར་བས། ཡུལ་ལྗོངས་ཀྱི་བརྗིད་ཉམས་རྒྱང་དུ་མངོན་ཐུབ་པའི་ཁྱད་ཆོས་ཡོད།
     འཁེལ་ཐག་གི་བཟང་ངན་གྱིས་སྦྲ་ནག་ལའང་བཟང་ངན་ཡོད་པ་དང་། ཆར་རླུང་འགོག་ཐུབ་ཚད་བཟང་ན་སྦྲ་ནག་བཟང་བོར་བརྩི། སྤྱིར་བཏང་གི་སྦྲ་ནག་གི་སྦྲ་ནང་ལ་ཁངས་ཆར་གྱི་ཟིལ་བ་ཆེ་ཞིང་ཐིགས་ཟེགས་མང་ལ་བརླན་ཆེ་བ། སྦྲ་མཐའ་རླུང་གིས་སྐྱོད་པ་སོགས་ནི་སྦྲ་ནག་གི་ཞན་ཆ་ཡིན་ནོ།།