སྒོར་བསྐྱི་མཁན་ལས་བསྐྱུར་ངལ་གསོ་བྱས་ཟིན་ན་ཁྲིམས་ཁང་གིས་དཔྱད་མཚམས་ཇི་ལྟར་གཏོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-24   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།

        གྱོད་དཔེ།

        ལོ་འགའི་སྔོན་དུ། ཆོས་བཟང་གི་གྲོགས་པོ་བསམ་ཆུང་གིས་ཁོ་ལ་སྒོར་བསྐྱིས་ཏེ་ཚོང་ལས་གཉེར་རྒྱུ་ཡིན་པར་བཤད། མཇུག་མཐར་མ་རྩ་བརྡིབས་པ་ཕར་ཞོག་ཆོས་བཟང་གི་སྒོར་དེ་དག་ཡང་ད་རག་བར་དུ་ཕྱིར་སྟེར་མེད་པར་གྱུར། ད་ལྟ་བསམ་ཆུང་གི་མིང་ཐོག་ཏུ་རྒྱུ་ནོར་ཏིལ་ཙམ་མི་འདུག་ཅིང་། ཡིན་ན་ཡང་ཁོ་ལ་ཟླ་རེར་ལས་བསྐྱུར་ངལ་གསོ་བྱས་པའི་ཟླ་ཕོགས་ཡོད་པ་རེད། དེས་ན་གལ་ཏེ་ཆོས་བཟང་གིས་མི་དམངས་ཁྲིམས་ཁང་དུ་བསམ་ཆུང་ཞུ་གཏུག་བྱས་ན། མཇུག་མཐར་ཁོའི་ལས་བསྐྱུར་ངལ་གསོའི་ཟླ་ཕོགས་ལག་བསྟར་བྱེད་དམ།

        ཕྲན་དཔྱད།

        གལ་ཏེ་ཆོས་བཟང་གི་ཞུ་གཏུག་བྱས་པའི་དོན་དངོས་དང་དཔང་རྟགས་ལ་གནད་དོན་མེད་ཚེ། ཁྲིམས་ཁང་གིས་རྒྱབ་སྐྱོར་བྱ་སྲིད། ཡིན་ན་ཡང་གྱོད་གཞི་འདིའི་གནད་འགག་ནི་གཏུག་ཡུལ་བསམ་ཆུང་ལ་དོན་དངོས་སུ་འཇལ་སྤྲོད་ནུས་པ་ཡོད་མེད་ཀྱི་གནད་དོན་དེ་རེད།

        ཁྲིམས་ཁང་གི་འབྲེལ་ཡོད་ལག་བསྟར་གྱི་གཏན་འཁེལ་ལྟར་ན། ཁྲིམས་ཁང་གིས་ལག་བསྟར་བྱེད་དུས། ལག་བསྟར་བྱེད་ཡུལ་ལ་ལག་བསྟར་བྱ་རྒྱུའི་རྒྱུ་ནོར་ཅི་ཡང་མེད་ལ་གཞན་པའི་རྒྱུ་ནོར་གྱི་ཡོང་འབབ་ཡང་མེད་པ་དང་། ལས་བསྐྱུར་རྒན་གསོའི་དངུལ་གྱི་ཡོང་འབབ་ཁོ་ན་མ་གཏོགས་མེད་པའི་གནས་ཚུལ་དང་འཕྲད་ན། ལག་བསྟར་བྱེད་དུས་ངེས་པར་གཞི་རྩའི་འཚོ་བར་འགན་ལེན་བྱེད་ཐུབ་པའི་གྲོན་དངུལ་འཇོག་དགོས།