རྔ་བ་ཁུལ་གྱི་འབྱོར་འབྲིང་གི་ཁྱིམ་གཞིས་སྐྲུན་པའི་གནས་ཚུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-23   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

ཏང་གི་འཐུས་མིའི་ཚོགས་ཆེན་བསུ། 

ཕུགས་འདུན་མངོན་འགྱུར་གྱི་ཁྱིམ་གཞིས་གསར་བ་བསྐྲུན་ཏེ་འབྱོར་འབྲིང་གི་ལམ་བུར་མཉམ་དུ་བསྐྱོད།

རང་ཁུལ་གྱི་འབྱོར་ཕྱུག་འབྱོར་འབྲིང་གི་ཁྱིམ་གཞིས་སྐྲུན་པའི་གནས་ཚུལ་རགས་བཀོད།


        མཛེས་སྡུག་ལྷོད་ཡངས་བག་ཕེབས་ཀྱི་ཡུལ་འདིར། ཐོན་ལས་དར་བས་མང་ཚོགས་ཕྱུག་པོར་གྱུར་ལ་ཤེས་ཡོན་དར་བས་སྐྱེ་ཁམས་རབ་ཏུམཛེས། ད་ལྟ་སྡོད་སའི་ཁང་པ་སྐྱིད་ལ། འཐུང་ཆུ་ནི་རང་འབབ་ཆུ་རེད། རྔུབ་པའི་མཁའ་རླུང་ནི་གཙང་བས་ཧ་ཅང་སྐྱིད་པོའི་རེད་ཅེས་དང་། རང་ཡུལ་ནས་ཞོར་ལས་བྱས་ན་ལོ་གཅིག་ནང་ཡོང་འབབ་སྒོར་ཁྲི་བཅུ་ལྷག་ཙམ་ཡོང་གི་འདུག གྲོང་ཚོ་མཛེས་པོ་ཡོད་པས་ལྗོངས་སྐོར་བ་ཡང་མང་དུ་ཕྱིན་པས། ང་ཚོས་ཡང་ལྗོངས་སྐོར་ལ་བརྟེན་ནས་ཡོང་འབབ་ཡག་པོ་ཡོང་གི་འདུག་ཅེས་སོགས་མང་ཚོགས་ཀྱི་ཡིད་ཚིམས་པའི་སྐད་ཆ་རྒྱུན་མི་ཆད། ཉེ་བའི་ལོ་ཤས་རིང་།  དབུལ་བྲལ་གནད་སྒྲོལ་ལ་རྒྱལ་ཁ་བརྟན་པོ་ལོན་པ་དང་། དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་ལེགས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ། ཞིང་བའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་སོགས་རྔ་བའི་ས་གཞི་ཆེན་མོར་འཕོ་འགྱུར་ཆེན་པོ་བྱུང་བ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་བདེ་སྐྱིད་འབྱོར་འབྲིང་གི་རྣམ་པ་གསལ་བར་མངོན་ཡོད། 

        ཅི་ཞིག་ལ་འབྱོར་འབྲིང་ཟེར་ཞེས་གླེང་དུས། ཟུང་ཆུ་རྫོང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་ཞིང་བའི་ཆེད་ལས་མཉམ་ལས་ཁང་མཉམ་འབྲེལ་ཁང་གི་ལས་འཛིན་འགོ་གཙོས། གྲོང་མི་ཚོའི་སྒོར་ཁུག་ཆེན་པོར་གྱུར་ན། དེ་ནི་འབྱོར་འབྲིང་རེད་ཅེས་བཤད་བྱུང་། ཟུང་ཆུ་རྫོང་གི་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་ཞིང་པའི་ཆེད་ལས་མཉམ་ལས་ཁང་མཉམ་འབྲེལ་ཁང་བཙུགས་པ་ནས་བཟུང་། ཟུང་ཆུ་རྫོང་གི་ཆེད་ལས་ཞིང་པའི་མཉམ་ལས་ཁང་22བསྡུ་སྒྲིལ་བྱས་ནས་ཁོངས་མིའི་མཉམ་ལས་ཁང་ཞབས་ཞུ་བྱ་ཡུལ་གཙོ་བོར་བྱས་ཏེ་ཁོངས་མིའི་མཉམ་ལས་ཁང་ལ་ཞིང་འབྲོག་པའི་ཐོན་སྐྱེད་རྒྱུ་ཆ་ཉོ་སྒྲུབ་དང་། རོང་འབྲོག་ཐོན་རྫས་ཐོན་སྐྱེད་དང་། ལས་སྣོན། གསོག་འཇོག སྐྱེལ་འདྲེན། ཕྱིར་ཚོང་བཅས་དང་དེ་བཞིན་རོང་འབྲོག་ལས་ཐོན་སྐྱེད་གཉེར་སྐྱོང་དང་འབྲེལ་བ་ཡོད་པའི་ལག་རྩལ་དང་ཆ་འཕྲིན་ཞབས་ཞུ་སོགས་མཁོ་འདོན་བྱས་ཏེ། ཟུང་ཆུའི་ཁྱད་ལྡན་ཞིང་ལས་དང་ཁྱད་ལྡན་ཐོན་རྫས་གཏོད་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད། 

        ལོ་གཉིས་རིང་། མཉམ་འབྲེལ་ཁང་གིས་དུས་མཉམ་དུ་དྲ་ཐོག་དང་དྲ་ཕྱིའི་བྲིན་ཚོང་ལས་སྟེགས་བཙུགས་ནས་ཁྱོན་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་རིན་གོང་སྒོར་ཁྲི་2000ལྷག་ཙམ་ཕྱིར་འཚོང་བྱས་ཟིན་པ་དང་། ཕྱིར་ཉོས་པའི་ཐོན་ལས་དབུལ་སྐྱོར་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་རིན་གོང་སྒོར་ཁྲི་1800ལྷག་ཙམ་ཟིན་པ། ཁྱད་ལྡན་འདེབས་འཛུགས་དང་ཐོན་ལས་འཕེལ་རྒྱས་བཏང་བ་བཅས་བརྒྱུད་ཟུང་ཆུ་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཏོད་ཡོད། 

        སྔོན་ཆད་ང་ཚོས་བཏབ་པའི་ཞིང་ལས་ཐོན་རྫས་ཕྱིར་ཚོང་ཁྲོམ་རར་སོང་ནས་ཕྱིར་ཚོང་བྱེད་དགོས་པས་དེར་ལས་ཕྱོད་ཆུང་བར་མ་ཟད། ཡོང་འབབ་ཀྱང་ཧ་ཅང་ཉུང་ཉུང་ཡིན། ད་ལྟ་མཉམ་འབྲེལ་ཁང་ཡོད་པས་ང་ཚོས་ས་གནས་དེ་གར་ཕྱིར་ཚོང་བྱེད་ཆོག་པར་མ་ཟད། ཡོང་འབབ་ཀྱང་སྔར་ལས་མང་དུ་ཕྱིན་ཡོད་ཅེས་ཟུང་ཆུ་རྫོང་བེ་ཤ་འདེབས་འཛུགས་དུད་ཚང་ཧུའུ་ཐེན་ཡན་གྱིས་ཡིད་ཚིམས་པའི་ངང་ནས་དེ་ལྟར་བཤད། 

        ཟུང་ཆུ་རྫོང་མཉམ་ལས་ཁང་གིས་ཚོགས་པའི་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་གཉིས་ཁེ་བྱས་ཏེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་ནི་རང་ཁུལ་གྱི་འབྱོར་ཕྱུག་འབྱོར་འབྲིང་གི་ལམ་བུར་སྐྱོད་པའི་དཔེ་མཚོན་ཞིག་རེད། 2020ལོའི་ལོ་མཇུག་བར་རང་ཁུལ་གྱི་མི་ཁྲི་8.1ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་དང་། དབུལ་སྒྲོལ་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ། 2017ལོའི་སྒོར་5480ནས་2020ལོའི་ལོ་མཇུག་གི་སྒོར་10058དེ་ལྡབ་2ཙམ་འཕར་ཡོད། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར་566གིས་མཐོ་བ་ཡོད། དབུལ་སྒྲོལ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ཐོབ་སྣང་དང་སྐྱིད་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད། 

        བདེ་སྐྱིད་ནི་སྣ་མང་ཕྱོགས་འདུས་ཤིག་ཡིན་ཏེ། མི་སེར་ཕྱུག་འགྱུར་གྱི་ལམ་བུར་སྐྱིད་སྣང་མཐོ་རུ་གཏོང་བའི་ཐད་རྔ་བས་དམངས་འཚོའི་དོན་ཆེན་ཡག་པོ་སྒྲུབ་ཡོད་ལ་འགག་རྩའི་དོན་ཆུང་ཡང་ཐག་གཅོད་བྱས་ཡོད། 

        ན་དུས་སྨན་བཅོས་ཐུབ་ལ་སྨན་བཅོས་ལ་འགན་སྲུང་ཡོད་པ། 2017ལོ་ནས་བཟུང་། རང་ཁུལ་གྱིས་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་མཉམ་དུ་མཉམ་སྒྲིལ་བཏང་ནས་ལག་ལེན་བསྟར་བས་རིམ་པ་མང་བའི་སྨན་བཅོས་འགན་ལེན་ལམ་ལུགས་ཀྱི་སྒྲོམ་གཞི་རགས་ཙམ་ཆགས་ནས་མི་དམངས་མང་ཚོགས་ཀྱི་སྣེ་མང་ཅན་གྱི་སྨན་བཅོས་འགན་ལེན་གྱི་དགོས་མཁོ་སྔར་བས་བསྐངས་ཡོད། 2021ལོ་ནས་ད་བར་ཁུལ་ཡོངས་ཀྱིས་མི་ཐེངས་ཁྲི་4.36དང་སྒོར་ཁྲི་7001.86གིས་རོགས་སྐྱོབ་བྱས་པ་དང་མི་རེར་ཆ་སྙོམས་སྒོར་1605.93གྱིས་རོགས་སྐྱོབ་བྱས་ཡོད། 

        སྡོད་སའི་ཁང་བ་ཡོད་པས་དམངས་སེམས་བདེ་ལ་འཁོད་ཡོད་ལ་དེ་ནི་དུད་ཚང་ཁྲི་སྟོང་དང་འབྲེལ་བ་ཡོད་པའི་བདེ་སྐྱིད་ཅིག 2017ལོ་ནས་2020ལོའི་བར། རང་ཁུལ་གྱིས་དབུལ་བྲལ་གནད་སྒྲོལ་གྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ལ། རིམ་རྩིས་བརྒྱབ་ན་རིགས་པ་ཁག་གི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་500ཙམ་བཏང་ནས་རྣམ་གྲངས་ཁྲི་2.9ལག་བསྟར་བྱས། དབུལ་སྐྱོར་ཆེད་དོན་རྣམ་གྲངས་ཆེན་པོ་བཅུའི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་ལ། བོད་འབྲེལ་ས་ཁུལ་གྱི་སྡོད་ཁང་གསར་པ་ཁྲི་1.6བསྐྲུན་པ། 

        གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་6961བསྐྱར་སྐྲུན་བྱས་པ། མི་9355ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་པ། གྲོང་གསེབ་ཀྱི་མི་འབོར་ཁྲི་45ཡི་འཐུང་ཆུའི་བདེ་འཇགས་ལེགས་སུ་བཏང་། དབུལ་བོ་ཁྲི་3.9ཡི་གློག་སྤྱོད་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ཏེ། སྤྱི་ཚོགས་ཀྱི་ལས་དོན་ཁག་ལེགས་པོར་བསྒྲུབས་ཡོད།

        ད་ལོ་ནི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་མགོ་ཚུགས་པའི་ལོ་རེད། ཉེ་ཆར། གསར་འགོད་པ་ཧུང་ཡོན་རྫོང་དུ་བསྐྱོད་སྐབས་ཡངས་ཤིང་དྲང་པའི་འགྲོ་ལམ་དང་། ཡིད་དུ་འོང་བའི་མཛེས་ལྗོངས། ལྷག་པར་སྐྱིད་སྣང་སྟེར་བའི་མང་ཚོགས་ཐང་ཆེན་སོགས་སུ་བསྐྱོད་སྐབས་གྲོང་གསེབ་དར་རྒྱས་ཕྱིན་པ་ལས་བྱུང་བའི་དགའ་འོས་པའི་འགྱུར་ལྡོག་གང་སར་མངོན་པ་དང་། གང་སར་མི་དམངས་མང་ཚོགས་ཀྱི་སྤྲོ་སྣང་དང་རེ་བས་ཁེངས་ཡོད། 

        ཉེ་བའི་ལོ་ཤས་རིང་། ཧུང་ཡོན་རྫོང་གིས་དབུལ་བྲལ་གནད་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བསྟུན། ས་ཁོངས་ཧྲིལ་པོར་ལྗོངས་སྐོར་བྱེད་པའི་གོ་སྐབས་དང་བསྟུན་ནས། གྲོང་གསེབ་ཀྱི་སྐྱེ་ཁམས་འཛུགས་སྐྱོང་སྲུང་སྐྱོང་ལ་ཤུགས་སྣོན་དང་གྲོང་སྡོད་བདེ་སྡོད་ལ་འཚམ་པའི་འཛུགས་སྐྲུན་འཆར་འགོད། གྲོང་གསེབ་ཀྱི་རྨང་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དུས་རྒྱུན་དུ་མིའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་བྱེད་པ་བཅས་ཀྱི་སྤྱིའི་དམིགས་འབེན་ལ་རྒྱུན་མི་ཆད་པར་ཤུགས་སྣོན་བརྒྱབ། རྩ་བ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཆགས་སྟངས་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་སྤུས་ཚད་ལེགས་སུ་གཏོང་བ། མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཞི་ཁྱོན་ཆུང་ཡང་སྤུས་ལེགས་པ་དང་། ཁྱད་ཆོས་ཀྱིས་ཕྱུག་པ། ནུས་པ་ཀུན་འཛོམས། སྒྲིག་བཀོད་ཆ་ཚང་། འདུས་སྡོད་ལ་འཚམ་པ། ཚོང་བྱེད་པར་སྟབས་བདེ་བ་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གོམ་སྟབས་ལྟར་མདུན་དུ་བསྐྱོད་བཞིན་ཡོད། ད་ལྟ་སྡོད་སའི་ཁོར་ཡུག་ཇི་ཙམ་ལེགས་སུ་ཕྱིན་པ་དང་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་ཡོད་པས་ང་ཚོས་ཏང་གི་སྲིད་ཇུས་བཟང་བོས་གྲོང་གསེབ་འཛུགས་སྐྲུན་ལ་ཐོབ་པའི་དམངས་ཕན་གྲུབ་འབྲས་ལོངས་སྤྱོད་བྱེད་ཀྱིན་ཡོད་ཅེས་ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་གྱི་ཧྲུའུ་ཅི་གཞོན་པ་བློ་བཟང་གིས་གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་དེ་ལྟར་ལབ་བྱུང་། 

        ཧུང་ཡོན་རྫོང་གི་མཛེས་སྡུག་ལྡན་པའི་རྣམ་པ་དེ་ནི་རང་ཁུལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་གྲོང་གསེབ་ཀྱི་གནས་སྡོད་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་བ་ལས་བྱུང་བ་ཞིག་ཡིན། མིག་སྔའི་བར་རང་རྒྱལ་གྱིས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། སྤུས་ཚད་མཐོར་གཏོང་དང་རིམ་སྤོར་གྱི་རྨང་གཞིའི་སྒྲིག་བཀོད་ལ་ཤུགས་སྣོན་རྒྱག་པ། སྣོད་བཅུད་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་གྲུབ་འབྲས་ངེས་ཅན་ཐོབ་ཡོད། 

        གྲོང་གསེབ་དར་རྒྱས་གཏོང་བའི་གོམ་སྟབས་མགྱོགས་སུ་བཏང་ནས་ཐུན་མོང་ཐོག་ཕྱུག་འགྱུར་གྱི་འབྱོར་འབྲིང་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་དགོས། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་སེམས་འདུན་དང་མི་དམངས་ལ་བཞག་པའི་དམ་བཅའ་བརྟན་པོ། རྔ་བའི་བུ་རབས་ཚ་རྒྱུད་ཀྱིས་ལོ་ངོ་བརྒྱ་ཕྲག་ནང་འབད་བརྩོན་ལྷོད་མེད་ངང་དོན་གཉེར་བྱེད་པའི་དོན་ཆེན་ཞིག་ཡིན་ལ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འབུངས་ཡར་བརྩོན་གྱིས་འབད་འཐབ་བྱེད་པའི་ལག་ལེན་ཞིག་ཀྱང་ཡིན།

        ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཐོག་ཁུལ་གཅིག་ཁུལ་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་བྱ་རྒྱུའི་འཐབ་ཇུས་དམིགས་འབེན་ཁ་གསལ་བཏོན་རྗེས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྟོབས་ཤུགས་མཉམ་སྒྲིལ་དང་བློ་རྩ་བརྟན་པོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ནན་ཏན་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དབུལ་བྲལ་གནད་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། སྤྱི་པའི་ཞབས་ཞུའི་ཞན་ཆ་ཁྱོན་ཡོངས་ནས་གསབ་རྒྱུ་དང་གནོད་རྗེས་སླར་གསོ་བསྐྱར་སྐྲུན་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་རྒྱུ། ཕྱུག་འགྱུར་གྱི་འབྱོར་འབྲིང་ཁྱིམ་གཞིས་སྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེར་བཏང་སྟེ་རོང་འབྲོག་མང་ཚོགས་ལ་སློབ་གསོ་དེ་བས་ཡག་པ་དང་། ལས་ཀ་དེ་བས་བརྟན་པ། སྡོད་གནས་ཀྱི་ཆ་རྐྱེན་དེ་བས་སྐྱིད་པ། སྤྱི་ཚོགས་འགན་སྲུང་དེ་བས་བློས་འགེལ་ཆོག་པ། ཆུ་ཚད་དེ་བས་མཐོ་བ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པ་སོགས་བྱེད་དགོས། 

         ད་ལྟའི་རྔ་བར་གྲོང་ཚོ་ཚང་མར་ཐོན་ལས་ཀྱི་སྟོབས་ཤུགས་རྒྱས་པ་དང་། དུད་ཚང་ཚང་མར་ལས་ཞུགས་བརྟན་པོ་ཡོད་པ། ཁྱིམ་ཚང་ཚང་མར་ཡོང་འབབ་མཐོ་བ་བཅས་ཡོད་པས་འབྱོར་ཕྱུག་འབྱོར་འབྲིང་ཁྱིམ་གཞིས་བསྐྲུན་རྒྱུའི་ཕུགས་འདུན་དེ་རིམ་བཞིན་མངོན་འགྱུར་ཡོང་བཞིན་པའི་ཉམས་དགའ་བའི་རྣམ་པ་ཞིག་མངོན་ཡོད།