ཡུལ་ཤུལ་དུ་གནའ་བོའི་བྲག་བརྐོས་རི་མོ་གསར་རྙེད་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-23   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།

        མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས་18ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་17ཉིན་ཞིབ་འཇུག་མི་སྣས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་ཆུའི་དབུས་རྒྱུད་ཀྱི་འཛོམ་ཉག་ས་ཁུལ་ནས་གནའ་བོའི་བྲག་བརྐོས་རི་མོ་ཚོམ་བུ་ཞིག་གསར་རྙེད་བྱུང་བ་དང་། ཡུལ་དངོས་ནས་བསྡོམས་རྩིས་རྒྱག་པར་གཞིགས་ན། ཁྱོན་བྲག་བརྐོས་རི་མོ་ཁག་191ཡོད་པ་དང་།  དེ་ནི་ཡུལ་ཤུལ་གྲོང་ཁྱེར་འབྲི་ཆུའི་དབུས་སྟོད་རྒྱུད་ས་ཁུལ་ནས་གནའ་བོའི་བྲག་བརྐོས་རི་མོའི་རྗེས་ཤུལ་རྙེད་ཐེངས་དང་པོ་ཡིན་པ་རེད། 

        ངོ་སྤྲོད་བྱས་པར་གཞིགས་ན། ས་ཆ་དེ་ཡུལ་ཤུལ་གྲོང་ཁྱེར་མགྲོན་མདའ་ཤང་དང་ཨ་ཁྲོ་ཤང་འབྲེལ་མཚམས་ཀྱི་ལྷ་མོའི་བྲག་སྣ་ཡི་ཤར་ལྷོའི་ཕྱོགས་སུ་གནས་ཡོད། མིག་སྔར་ཞིབ་འཇུག་མི་སྣས་བྲག་བརྐོས་རི་མོ་དེ་དག་ལ་དཔྱད་གཞི་འཚོལ་བསྡུ་དང་ཚད་ལེན། གནས་ཐིག་གཏན་འཁེལ།  ཐོ་འགོད་སོགས་ཀྱི་ལས་དོན་སྤེལ་བ་མ་ཟད། རིགས་གཅིག་མཁས་ཅན་གདན་དྲངས་ནས་འབྲེལ་ཡོད་ཞིབ་འཇུག་ཀྱང་བྱེད་བཞིན་ཡོད།

        འབྲི་གཡག་གི་བྲག་བརྐོས་རི་མོ་ནི་བྲག་སྟེང་དུ་རི་མོ་བརྐོས་རྒྱབ་ནས་བྲིས་པ་ཞིག་ཡིན་པ་དང་། མིའི་དབྱིབས་ཀྱི་བྲག་བརྐོས་རི་མོའི་འབྲི་སྟངས་གཅིག་གྱུར་ཡིན་པ།  མིའི་དབྱིབས་ཀྱི་བྲག་བརྐོས་རི་མོའི་དཔེ་རིས་ལ་ཁྱད་ཆོས་ལྡན་པ། མཆོད་རྟེན་གྱི་རི་མོ་ནི་དུས་མཇུག་ཏུ་བྲིས་པ་ཡིན་པ། བརྐོས་ཤུལ་ལ་ལྟ་ཞིབ་བྱས་པ་བརྒྱུད་དེ་ནི་ལྕགས་རིགས་ཀྱི་ལག་ཆས་བརྐོས་རྒྱབ་པ་ཞིག་ཡིན་སྲིད།  སྤྱི་ཡོངས་ནས་བཤད་ན། གསར་དུ་ཤེས་རྟོགས་བྱུང་བའི་བྲག་བརྐོས་རི་མོ་དེའི་ནང་དོན་ཕུན་སུམ་ཚོགས་ལ་གྲངས་འབོར་མང་བ། པར་རིས་མང་པོ་ཞིག་བྲག་བརྐོས་རི་མོའི་ཁྱབ་ཁོངས་གཅིག་གི་ནང་ཡོད་པས།  ཡུལ་ཤུལ་གྱི་བྲག་བརྐོས་རི་མོའི་བཟོ་སྐྲུན་གྱི་རྒྱུན་མཐུད་རང་བཞིན་མངོན་པ་མ་ཟད། མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་བྲག་བརྐོས་རི་མོའི་ལོ་རྒྱུས་ཀྱི་གནའ་བོའི་རང་བཞིན་ཡང་མངོན་ཡོད་ཅེས་ཤིས་ཨན་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀུའོ་ཨའེ་ཕིན་གྱིས་གསུངས་པ་རེད།

        ཞིབ་འཇུག་མི་སྣ་རིན་ཆེན་ཉི་མས་ངོ་སྤྲོད་བྱས་པར་གཞིགས་ན། གསར་དུ་ཤེས་རྟོགས་བྱུང་བའི་བྲག་བརྐོས་རི་མོ་དེ་དག་ནང་ཆ་སྡེབ་བྲག་བརྐོས་རི་མོ་དང་ཁེར་གཟུགས་བྲག་བརྐོས་རི་མོ་ཡོད་པ་དང་།  དེ་དག་ཉར་ཚགས་ཡག་པོ་བྱས་ཡོད་ལ་ནང་དོན་ཡང་ཕུན་སུམ་ཚོགས་པོ་ཡོད། དེའི་ནང་ནོར་གནག་གི་རི་མོས་གཙོ་བོ་བྱེད་པ་དང་། ཤྭ་བ་དང་མི་སྣའི་རི་མོ་ཉུང་ཉུང་ཞིག་ཡོད་ལ། ཅུང་དུས་མཇུག་གི་བྲག་བརྐོས་སྐུ་བརྙན་ཡང་ཡོད།  སྔ་དུས་ཀྱི་བྲག་བརྐོས་རི་མོ་དེས་འབྲི་ཆུའི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་གནའ་བོའི་རིག་གནས་འབྲེལ་བ་ཟབ་མོ་སྔར་བས་འབྲེལ་མཐུད་ཐུབ་ནས་གནའ་མིའི་གནས་སྤོའི་རྗེས་ཤུལ་གསལ་པོ་མངོན་ཡོད། ཡུལ་ཤུལ་གྱི་ལོ་རྒྱུས་འཕོ་འགྱུར་དང་འཕེལ་རྒྱས་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད།

        གསར་དུ་ཤེས་རྟོགས་བྱུང་བའི་བྲག་བརྐོས་རི་མོའི་གྲངས་འབོར་མང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དུས་སྔ་ཕྱིའི་ཁྱད་ཆོས་མི་འདྲ་བ། ཁྱད་ཆོས་ལྡན་པའི་དཔེ་རིས་ནང་སྲོག་ཆགས་འདྲ་མིན་སྣ་ཚོགས་མཐོང་རྒྱུ་ཡོད་ལ། ཁྱད་ཆོས་ལྡན་པའི་རྔོན་པའི་གཟུགས་བརྙན་ཡང་བརྐོས་ཡོད། བོད་བཙན་པོའི་རྒྱལ་རབས་དུས་ཀྱི་རྡོ་བརྐོས་ཡི་གེ་དེ་སྔ་དུས་ཀྱི་བྲག་བརྐོས་རི་མོའི་སྟེང་དུ་བརྩེགས་ཡོད་ལ་དེ་ནི་ཐོག་དང་པོར་ཤེས་རྟོགས་བྱུང་བ་ཞིག་ཡིན་པས་ཡུལ་ཤུལ་གྱི་རྡོ་བརྐོས་རིག་གནས་ཀྱི་སྲོལ་རྒྱུན་ཤེས་རྟོགས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ཀྲུང་དབྱང་མི་རིགས་སློབ་ཆེན་བྲག་བརྐོས་རི་མོའི་ལྟེ་གནས་ཀྱི་ཀྲུའུ་རེན་དགེ་རྒན་ཆེ་མོ་བ་ཀྲང་ཡ་ཧྲ་ཡིས་དེ་ལྟར་གསུངས།

        ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་ཤུལ་གྱི་འབྲི་ཆུའི་བྲག་བརྐོས་རི་མོའི་ནང་དོན་ཕུན་སུམ་ཚོགས་ལ་བརྗོད་བྱ་རྒྱ་ཆེན་པོ་ཡོད།  མིག་སྔའི་བར་ཁྲི་འདུ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཞིབ་འཇུག་མི་སྣས་འབྲི་ཆུའི་འབབ་རྒྱུད་དུ་གནའ་བོའི་བྲག་བརྐོས་རི་མོ་སུམ་སྟོང་ལྷག་ཙམ་ཤེས་རྟོགས་བྱུང་ཡོད་པ་རེད།