བཙུན་པ་ལོང་བ་ཅན་གྱི་གཏམ་རྒྱུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

  སྔར་ཁྱིམ་ཚང་ཞིག་ན་མིག་གཉིས་ལོང་བའི་ན་གཞོན་ཞིག་ཡོད།   དེ་བ་ཚང་གི་ཁྱིམ་གྱི་ཆ་རྐྱེན་ཤིན་ཏུ་ཞན།    ཁྱིམ་མིས་ཟ་འཐུང་ལ་མཁས་ཀྱང་ལས་ཀ་ལས་མི་ནུས་པའི་མི་ཞིག་གཉོར་འདོད་མ་སྐྱེས་པས་འུ་ཐུག་ནས་ན་གཞོན་ལོང་བ་དེ་བཙུན་པ་བྱེད་དུ་བཅུག  

      ལོ་མང་པོའི་རིང་གི་དཀའ་སྡུག་གི་སློབ་གཉེར་བྱས་པ་བརྒྱུད།    བཙུན་པ་ལོང་བ་ཅན་དེ་ཆོས་ལ་ཤིན་ཏུ་མཁས་པར་གྱུར།   ལོ་ཉི་ཤུའི་དུས་སུ་སློབ་དཔོན་གྱིས་ཁོ་རང་གནས་ངེས་མེད་དུ་འགྲིམས་ནས་བསླབ་པ་དོན་གཉེར་དང་།   ཐོས་བསམ་སྒོམ་གསུམ།    ཆོས་ཀྱི་གནས་ལུགས་བཤད་པའི་མཁན་པོར་བསྐོས་ཤིང་།  ད་ནས་བཟུང་ཕྱོགས་བཞིའི་རྒྱལ་ཁམས་འགྲིམས་ཏེ་མི་རྣམས་སྡུག་བསྔལ་ལས་ཐར་བར་ལམ་སྟོན་དང་རོགས་སྐྱོར་བྱེད་དགོས་པའི་བཀའ་གསུང་གནང་།   ཁོ་རང་ལམ་ལ་མ་ཆས་པའི་སྔོན་དུ།   སློབ་དཔོན་གྱིས་ཁོ་ལ་ཤོག་ཐུམ་ཅིག་དང་ལག་རྟེན་དུ་རུང་བའི་འཁར་བ་ཞིག་སྟེར་ཞོར།   ཤོག་ཐུམ་འདི་ནི་ངས་དམངས་ཁྲོད་ནས་འཁྱེར་ཡོང་བའི་གསང་བའི་སྨན་སྣ་ཞིག་ཡིན།   འདིས་ཁྱོད་ཀྱིས་ལོང་ཟིན་པའི་མིག་གཉིས་གསལ་བར་འབྱེད་ཐུབ་པ་ཡིན། འོན་ཀྱང་ཤོག་ཐུམ་འདིའི་ཁ་མ་ཕྱེས་པའི་སྔོན་ལ།  ཁྱོད་ཀྱིས་ངེས་པར་དུ་དོན་དག་གཅིག་སྒྲུབ་ཐུབ་དགོས།  ལམ་ཐག་གང་རུང་བརྒྱུད་དེ་འཁར་བ་བཅུ་ཟད་ཅིང་ཆག་བྱུང་བ་ཡིན་ན་ད་གཟོད་ཁ་ཕྱེས་ཆོག་ཅེས་གསུངས།    ཁོས་ཀྱང་སློབ་དཔོན་གྱི་གསུང་བརྩིས་ནས་འཐད་པའི་བརྡ་བསྟན་པ་དང་ལམ་ལ་ཆས་པའི་མགོ་བརྩམས། 


     ཤེས་མེད་ཚོར་མེད་ཀྱི་ངང་ནས་ལོ་རེ་རེ་བཞིན་ཕར་འདས།   ཁོང་གིས་རང་གི་སློབ་དཔོན་གྱི་གསུང་བརྩིས་ནས་བསྟན་པ་ཕྱོགས་བཅུར་སྤེལ་བ་དང་།   འགྲོ་བ་མང་པོ་དཀའ་སྡུག་གི་གནས་ལས་བསྐྱལ།   དཀའ་སྡུག་གི་དོན་དག་ཅི་ཙམ་བརྒྱུད་པ་དང་ལམ་ཐག་ཅི་ཙམ་བསྐྱོད་པ་ནི་དངོས་ནས་བརྗོད་ལས་འདས་པ་ཞིག་ཏུ་གྱུར།    བཙུན་པ་ལོང་བ་ཅན་གྱི་སེམས་ནང་ན་ཉམས་ཆགས་སུ་མ་སོང་བའི་རེ་བ་ཞིག་ཡོད་པ་སྟེ།    འཁར་བ་བཅུ་ཟད་ནས་ཆག་ན་ད་གཟོད་མིག་གིས་འོད་སྣང་མཐོང་ཐུབ་པ་དེ་རེད།   ཡིན་ན་ཡང་བལྟོས་ན་སྦོམ་རྒྱུ་མེད་པའི་ལམ་རྒྱུས་བརྟག་བྱེད་ཀྱི་འཁར་བའམ་དབྱུག་པ་དེ་ནི་ཅི་འདྲའི་སྲ་མོ་ཞིག་རེད་ཨང་།    ལོ་དྲུག་གི་རིང་ལ་ཕར་འགྲོ་ཚུར་འོང་བྱས་པ་ན་ད་གཟོད་སློབ་དཔོན་གྱིས་གནང་བའི་འཁར་བ་དེ་ཆག་བྱུང་། 

     འདི་ལྟར།  འཁར་བ་བཅུ་ཟད་ཅིང་ཆག་པའི་དུས་ལ་སླེབས་པ་ན།  བཙུན་པ་ལོང་བ་ཅན་ཡང་དགུང་ལོ་བརྒྱད་ཅུ་ལྷག་ལ་སོན་ཞིང་དབུ་སྐྲའང་དཀར་པོར་གྱུར།     ཁོ་རང་དགའ་ཐག་ཆོད་ནས་ཤོག་ཐུམ་དེ་སྨན་པ་ཞིག་བསྟན་ནས་ཁ་ཕྱེས་སུ་བཅུག་པ་ན།  སྨན་པ་དེས་སྨན་ཡིག་གི་ཐོག་ན་ཡི་གེ་གཅིག་ཀྱང་བྲིས་མི་འདུག་ཟེར།  

     བཙུན་པ་ལོང་བ་ཅན་གྱིས་སྐད་ཆ་དེ་གོ་རྗེས་རེ་ཞིག་ཧ་ལས་ཤིང་མགོ་འཐོམས་ནས་ལུས། ཡིན་ན་ཡང་ཅང་མ་འགོར་བར་བཙུན་པ་ལོང་བ་ཅན་གྱིས་གནས་ལུགས་ཅི་ཞིག་ཤེས་སོང་བ་ལྟར།   ལག་གཉིས་ཐལ་མོར་སྦྱར་ཞིང་རང་གི་སློབ་དཔོན་གྱི་མིང་ནས་བཟུང་སྟེ།      སློབ་དཔོན་ལགས།   ཐུགས་རྗེ་ཆེ།  སྐུ་ཉིད་ཀྱིས་རྣམ་པ་འདི་ལྟ་བུ་ཞིག་གི་སྒོ་ནས་ང་རང་རེ་བའི་ཁྲོད་ནས་གསོན་དུ་བཅུག་པ་དང་།   ད་ནི་ཚེ་འདིར་ང་ལ་འགྱོད་སྣང་སྤུ་ཙམ་ཡང་མེད་དོ་ཅེས་བཤད། ། 

      གཏམ་རྒྱུད་འདིའི་ཁྲོད་ཀྱི་གནས་ལུགས་ནི།   མི་རེ་རེའི་ཚེ་སྲོག་གི་ཆེས་མཐའ་མཇུག་གི་གནས་མལ་ནི་དུད་ཁྲོད་ཡིན་ཁོ་ཐག་ཡིན་ན། ང་ཚོས་ཅི་ནུས་ཀྱིས་འཚོ་ཞིང་གནས་པའི་ཉིན་མ་རེ་རེ་ནི་དོན་སྙིང་ལྡན་པ་ཞིག་ཏུ་གཏོང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།   སུ་ཡིན་རུང་སེམས་ཀྱི་གཏིང་རུམ་ན་འགྱུར་མེད་ཀྱི་རེ་བ་ཞིག་ཡོད་པ་དང་རེ་བ་དེའི་ཀློང་ནས་འཚོ་བ་རོལ་བ་ཡིན་ན་མི་ཚེའི་འགྲུལ་བཞུད་འདི་ཡང་དོན་དང་ལྡན་པ་ཞིག་ཏུ་འགྱུར་ངེས་རེད།