སྦྲང་ཆར་རྩོམ་རིག་བྱ་དགའི་བརྩམས་ཆོས་ཕྱོཊ་བསྒྲིགས་འགྲེམས་སྤེལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-16   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

 བོད་ཀྱི་རྩོམ་རིག་དུས་དེབ་ཆེ་གྲས《སྦྲང་ཆར》སྤེལ་ནས་ལོ་འཁོར40ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐྱེས་སུ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་གིས《སྦྲང་ཆར་རྩོམ་རིག་བྱ་དགའི་བརྩམས་ཆོས་ཕྱོགས་བསྒྲིགས》ཞེས་པའི་ཁྱོན་པོད་དྲུག་ཅན་གྱི་དཔེ་ཚོགས་དེ་ཉེ་ལམ་པར་དུ་བསྐྲུན་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

     “སྦྲང་ཆར་རྩོམ་རིག་བྱ་དགའ”ནི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱ་བཞག་སྔར་ལས་འཕེལ་རྒྱས་སུ་འགྲོ་སླད་དང་།རྩོམ་རིག་སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས་བོད་འབྲེལ་ས་ཁུལ་གྱི་གནམ་ས་བླ་འོག་བརྗེས་འདྲའི་འགྱུར་ལྡོག་མཚོན་པ།མི་དམངས་ཀྱི་བསམ་པའི་དཔལ་ཡོན་མངོན་པ།རྩོམ་མཁན་དག་སྤྱི་ཚོགས་འཚོ་བར་ཟབ་ཞུགས་དང་མི་དམངས་ཀྱི་ཁྲོད་དུ་རྐང་ཚུགས་པར་སྐུལ་འདེད་གཏོང་བ།རྩོམ་རིག་གསར་རྩོམ་གྱི་གྲུབ་འབྲས་ལ་གཟེངས་སུ་བསྟོད་པ་བཅས་ལ་དམིགས་ནས1994ལོར་སྤེལ་མགོ་བརྩམས་པ་ཡིན།རྩོམ་རིག་བྱ་དགའ་འདི་ནི་ལོ་གསུམ་རེར་ཐེངས་རེ་སྤེལ་ཞིང་།དུས་ད་ལྟའི་བར་དུ་ཆག་མེད་ངང་ཐེངས་བཅུ་ལ་སྤེལ་མྱོང་།  ཐེངས་འདིར་པར་དུ་བསྐྲུན་པའི《སྦྲང་ཆར་རྩོམ་རིག་བྱ་དགའི་བརྩམས་ཆོས་ཕྱོགས་བསྒྲིགས》དེར་རྩོམ་པ་པོ44ཡི་སྒྲུང་གཏམ29དང་སྙན་ངག17  ལྷུག་རྩོམ7  དཔྱད་བརྗོད5བཅས་བསྡོམས་པས་བརྩམས་ཆོས58འདུས་ཡོད།བརྩམས་ཆོས་འདི་དག་ནི《སྦྲང་ཆར》གྱི་འཚར་ལོངས་དང་།རྩོམ་པ་པོ་རྒན་དར་གཞོན་གསུམ་གྱི་རྩོལ་བ།ཀློག་པ་པོ་ཁྲི་མ་འབུམ་གྱི་རེ་ལྟོས་དང་བསྡོངས་ཏེ།བོད་ཀྱི་དེང་རབས་རྩོམ་རིག་ལ་སྣེ་ཁྲིད་ཀྱི་ཟོལ་དང་བྱས་འབྲས་ཀྱི་ཚུལ་དུ།  རྒྱ་ཆེའི་ཀློག་མཁན་ཀུན་གྱི་བགོ་སྐལ་དུ་མངོན་པར་བཀྲམ་པ་ལགས།

     《སྦྲང་ཆར་རྩོམ་རིག་བྱ་དགའི་བརྩམས་ཆོས་ཕྱོགས་བསྒྲིགས》པར་དུ་བསྐྲུན་པ་འདིས།རྒྱ་ཆེའི་ཀློག་པ་པོ་ཚོར་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ལོངས་སུ་སྤྱོད་པར་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད་པར་མ་ཟད།དུས་རབས་གསར་བའི་ལམ་པོ་ཆེར་བོད་ཀྱི་རྩོམ་མཁན་དག་གིས་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་རབ་དང་རིམ་པ་གསར་རྩོམ་བགྱིས་ཏེ།  རྩོམ་རིག་གསར་རྩོམ་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་ཡར་སྐུལ་གྱི་ནུས་པ་ངེས་ཅན་ཞིག་འདོན་ཐུབ་པར་གདོན་མི་ཟའོ།།