ས་པཎ་མཆོག་གི《ལེགས་བཤད་འཕྲུལ་གྱི་དྲ་བ》ལས་འཕྲོས་ཏེ་མི་ཆོས་སློབ་གསོའི་རིགས་ལམ་དང་ལག་ལེན་སྐྱོང་ཐབས་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-15   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

    《ལེགས་བཤད་འཕྲུལ་གྱི་དྲ་བ》ནི་གྲགས་ཅན་མཁས་དབང་ས་པཎ་མཆོག་གིས་ཡུན་རིང་གི་ལག་ལེན་གྱི་ཉམས་མྱོང་དང་། འཚོ་བའི་ཉམས་མྱོང་། དྲང་ལྡོག་ཕྱོགས་ཀྱི་ཉམས་མྱོང་། ལུགས་གཉིས་ཀྱི་བསླབ་བྱ། ལོ་རྒྱུས་ཀྱི་ཉམས་མྱོང་བཅས་བློ་གྲོས་ཀྱི་རྩལ་གྱིས་ཕྱོགས་གཅིག་ཏུ་བསྒྲིལ་ཅིང་། བསྲེགས་བཅད་བརྡར་བའི་གསེར་བཞིན་དབྱེ་ཞིབ་དང་། བརྡར་གཅོད། རིགས་པས་སྒྲུབ་པ་བཅས་གནང་སྟེ། མྱོང་བརྒྱུད་དངོས་གསུམ་གྱི་ལམ་ནས་གཏན་ལ་ཕབ་པའི་རིག་པའི་བློ་རྣོ་ཞིང་དོན་གྱི་གནད་འཕིགས་པའི་བསྟན་བཅོས། རྒྱ་གར་བསྟན་བཅོས་ཀྱིས་ཤུགས་རྐྱེན་གང་ཡང་མ་ཐེབས་པའི་མར་དྲི་དང་རྩམ་དྲི་ལྷང་ངེར་འཐུལ་བའི་མི་ཆོས་ཀྱི་སློབ་གསོའི་རིགས་པ་ཞིག་ཡིན་པས་གཤམ་དུ་དེའི་སྐོར་ལ་དབྱེ་ཞིབ་མདོར་བསྡུས་ཙམ་ཞུ་བར་སྤྲོའོ།།

    དང་པོ། མི་ལ་བརྟག་ཤེས་པ་དང་འགྲོགས་ཤེས་པའི་མི་ཆོས་ཀྱི་བསམ་བློའི་སྐོར་བསྟན་པ།

སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་། མི་ཞིག་ཡིན་ཕྱིན་རང་ཉིད་གཅིག་པུར་འཚོ་ཐབས་མེད་པར་ངེས་པར་མིའི་སྤྱི་ཚོགས་ཀྱི་ཁྲོད་དུ་འཚོ་གནས་བྱེད་དགོས་པ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་རེད། དེར་བརྟེན། མིའི་སྤྱི་ཚོགས་སུ་འཚོ་གནས་བྱེད་དགོས་ན་ཁོར་ཡུག་ངེས་གཏན་ཁྲོད་ཀྱི་མི་དང་འགྲོག་ཤེས་པ་དང་། མི་དང་འབྲེལ་འདྲིས་བྱེད་ཐུབ་པ། མི་ཕན་ཚུན་རྒྱུས་མངའ་ལོན་ཐུབ་པ། དེ་བཞིན་རང་ཉིད་མིའི་གཡོ་འོག་ཏུ་མི་ཚུད་པར་གཞན་གྱི་བསམ་ཚུལ་དང་བྱེད་སྟངས་ཀྱིས་གཙོས་པའི་སྒོ་གསུམ་གྱི་བྱ་སྤྱོད་ལ་བརྟགས་ནས་མི་དང་འགྲོག་ཐབས་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད། དེས་ན་མི་ཆོས་ཀྱི་སློབ་གསོའི་གཞུང་འདི་ལས་དེ་འདྲའི་གནས་ལུགས་གང་མང་བསྟན་ཡོད་པ་ནི། དཔེར་ན། “འདོད་པ་ཅན་ལ་ནོར་མ་བསྟན། ངན་སེམས་ཅན་ལ་བློ་མ་གཏད། ཚོད་མེད་པོ་ལ་གྲོས་མ་དྲི། ཁ་མང་པོ་ལ་སྙིང་གཏམ་མ་བྱེད། རྣོ་ཐུང་བ་ལ་ཀུ་རེ་མ་བྱེད”ཅེས་མིའི་རང་བཞིན་བྱེ་བྲག་པ་སྟེ། མི་འདོད་པ་ཅན་དང་། ངན་སེམས་ཅན། ཚོད་མེད་པོ། ཁ་མང་པོ་སོགས་གསལ་བར་བསྟན་ནས་དེ་དག་ལ་བརྟག་ཤེས་པ་དང་འགྲོག་ལུགས་ལ་སྤང་བྱ་བྱེད་དགོས་ཚུལ་གདམས་ཡོད། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཀྱང“འགྲོག་ལུགས་དགྲ་ལ་འཚོལ་དང་གཟབ་པ་ཡིན”ཞེས་གསུངས་པ་ལྟར། རྒྱུན་དུ་རང་ཉིད་ཀྱིས་རང་གི་དགྲ་བོ་ལ་ཇི་ལྟར་གཟབ་གཟབ་བྱེད་པ་བཞིན་མི་གཞན་དང་འགྲོག་དུས་སུའང་དེ་ལྟར་གཟབ་དགོས་པའི་བསླབ་གདམས་མཛད་པ་ནི་བདེན་པའི་གཏམ་འབའ་ཞིག་ཏུ་འཁུམས་སོ།

    ཡང《ལེགས་བཤད་འཕྲུལ་གྱི་དྲ་བ》ལས། “མི་སྤྱང་པོ་དང་མགོ་སྟོང་ནོར་ས་ཡོད། དྲང་པོ་དང་གླེན་པ་ནོར་ས་ཡོད། ཚོད་ཅན་དང་ནོག་པོ་ནོར་ས་ཡོད། བརྫུ་བག་དང་མ་ཤེས་པ་ནོར་ས་ཡོད། ཁོང་ཡངས་དང་བརྫུ་ཁོང་ནས་ཟབ་འཚོལ་བ་ནོར་ས་ཡོད། ཕོ་འབྲིང་གླེན་པ་དང་འཇམ་ཁོང་ནས་ཟབ་འཚོལ་བ་ནོར་ས་ཡོད། ཕོ་མཐའ་མགོ་སྟོང་དང་ཁོང་ནས་ཟབ་འཚོལ་བ་ནོར་བ་ཡང་མཐོང་ངོ”ཞེས། མི་དང་མིའི་དབར་གྱི་ཁྱད་པར་དེ་བློ་གྲོས་ཕྲ་ཞིང་ཕྲ་མོས་བརྟག་ཅིང་མ་དཔྱད་ན་དུ་བ་རླངས་པར་འཁྲུལ་བ་བཞིན་ནོར་ཉེན་ཆེ་བས། གལ་ཏེ་ནོར་འཛོལ་བྱུང་ན། ཆེ་བ་རྒྱལ་ཁབ་དང་མི་རིགས་ལ་སུབ་ཐབས་མེད་པའི་གནོད་འཚེ་དང་གྱོང་གུན་ཆེན་པོ་བཟོ་བ་དང་། ཆུང་བ་མི་སྒེར་རང་ཉིད་ཀྱི་འཕྲལ་ཕུགས་ཀྱི་དོན་བྱ་དང་མི་ཚེའི་ཕུགས་འདུན་སོགས་ཀྱང་ཕུང་དཀྲོལ་གྱི་གནས་སུ་གཏོང་སྲིད་པས། དེ་ལྟ་བུའི་མི་ཆོས་ཀྱི་བསླབ་གདམས་ལ་སྙིང་ཁོང་རུས་པའི་གསེང་ནས་ཉམས་ལེན་བྱེད་པ་ནི་ཤིན་ཏུ་གལ་ཆེ་བར་མཐོང་ངོ་། ཡང“འཕྲད་མ་ཐག་ཏུ་ངོ་ཤེས་མ་བྱེད། འདྲིས་མ་ཐག་ཏུ་བློ་མ་གཏོད། བློ་ཁོག་ཆུང་ལ་སྣ་ཐུང་བའི་མི་ལ་ཀུ་རེ་མ་བྱེད། ཁ་འཇམ་ལ་གཏིང་དྲེགས་པའི་མི་ལ་འབྲེལ་བ་མ་བྱེད། ལྐུགས་པ་ང་རྒྱལ་ཅན་ལ་ཤ་ཚ་སྤངས། ཕྱི་ཐག་ཐུང་བའི་མི་དང་འཕྲལ་ཉམས་དགའ་ཡང་མ་འགྲོགས། ཞེ་ནག་པའི་མི་འཕྲལ་ཁ་འཇམ་ཡང་བློ་མ་གཏོད། འདྲིས་ཆུང་བའི་མི་ལ་བློ་མ་འགེལ། གལ་ཆུང་བའི་མི་དང་གཏམ་ཁ་སྐྱར་མ་བཤད། དགོས་ངེས་པའི་གྲོགས་པོ་མདངས་དང་འཛུམ་གྱིས་བསུས” ཞེས་རྒྱུ་མཚན་དང་སྦྲགས་ནས་སྤང་བླང་གི་བསླབ་བྱའི་གནས་ལུགས་བསྟན་པ་འདི་དག་མི་སྒེར་རང་གིས་འཚོ་བའི་བརྒྱུད་རིམ་དུ་ཉམས་ལེན་ཚུལ་བཞིན་བསྐྱངས་ན་རང་ཉིད་ལ་དེ་ལྟར་ཡིན་པའི་རྒྱུ་མཚན་འཚོ་བ་དངོས་ལས་མྱོང་རྟོགས་ཐུབ་ངེས་རེད། མི་ཆོས་ཀྱི་བསླབ་བྱ་འདི་ནི་གདུལ་བྱ་སྐྱེ་བོ་ཕལ་པའི་སེམས་ཁམས། མོས་པ་དང་མཐུན་པའི་སྒོ་ནས་བསླབ་གདམས་མཛད་པས། ཚིག་སྒམ་ཞིང་བརླིང་ཡང་རྒྱལ་པོའི་བཀའ་ལུང་དྲག་པོ་ལྟར་བཙན་ཤེད་མེད་པ། གཏན་ཚིགས་ཀྱིས་བཅིངས་ནས་གོ་དཀའ་བ་མ་ཡིན་པ། ཅི་འཕྲོས་མོལ་འཕྲོས་ཀྱི་གླེང་མོའི་རྣམ་པའི་ཚུལ་གྱིས་མི་དང་འགྲོག་ལུགས་དང་། གྲོགས་པོ་སྒྲིག་ལུགས་སྒྲིག་སྟངས། སྐྱེ་བོ་གང་འདྲ་ཞིག་སྤོང་དགོས་པ་དང་གང་འདྲ་ཞིག་བསྟེན་རུང་བ། ཐ་ན་གཏམ་ཁ་སྐྱར་ལྟ་བུ་ཙམ་ཞིག་ཤོད་དགོས་ནའང་མི་ལ་བརྟག་ཐུབ་པ་དགོས་ཚུལ་གསུངས་པ་ནི་མིའི་རྣམ་དཔྱོད་ལ་བཞུན་བརྡར་ཡང་ཡང་བྱས་པའི་མི་ཆོས་ཀྱི་སློབ་གསོའི་སྙིང་པོ་འབའ་ཞིག་ཏུ་མཐོང་ངོ་།།

    གཉིས་པ། དགག་ཕྱོགས་ཀྱི་བསླབ་བྱ་དང་སྒྲུབ་ཕྱོགས་ཀྱི་བསླབ་བྱ་ཅི་རིགས་སུ་རྒྱུ་མཚན་དང་བཅས་པར་གསུངས་པའི་སྐོར།

འཇིག་རྟེན་གྱི་བྱ་བའི་གནས་སྐབས་གང་རུང་དུ་རང་སར་མི་བཞག་ནས་བསམ་བློ་གཏོང་དགོས་པ་དང་། གཞན་སར་རང་བཞག་ནས་བསམ་བློ་གཏོང་དགོས་པའི་གནད་མང་པོ་ཡོད་སྲིད། དེས་ན་གཞན་གྱི་སྡུག་ཉེས་འཁྲུལ་གསུམ་རང་ཐོག་ལ་སྦྱར་ནས་བསམ་བློ་གཏོང་བ་དང་། རང་གི་དགའ་བདེ་བདེན་གསུམ་གཞན་ཐོག་ལ་བཞག་ནས་ཕན་ཚུན་བདག་གཞན་བརྗེ་བར་བརྟེན་ནས་བསམ་ཤེས་བྱས་ན། མི་ཕན་ཚུན་དབར་འཆམ་མཐུན་དང་། བློ་འདྲིས། ཡིད་ཆེས་དང་མཛའ་བཤེས་སོགས་ཟབ་ཏུ་འགྲོ་བ་གདོན་མི་ཟ་ཞིང་། མིའི་རིགས་ཀྱི་སྤྱི་ཚོགས་ངོས་ནས་བསམས་ནའང་སྤྱི་ཚོགས་ཞི་བདེ་དང་། འཆམ་མཐུན། བརྟན་ལྷིང་ཤེས་དཔལ་བཅས་འཛུགས་སྐྲུན་ལ་ཡང་ཤིན་ཏུ་སྨན་ཞིང་དོན་སྙིང་ཆེ་བའི་བྱ་བ་འགངས་ཆེན་ཞིག་རེད། དེ་ལ《ལེགས་བཤད་འཕྲུལ་གྱི་དྲ་བ》ལས། ཆེ་ས་ཡུལ་གྱི་འཁོར་སྐྱོང་སྟངས་ནས་ཆུང་ས་ཁྱིམ་ཚང་སྐྱོང་སྟངས། མཐའ་མར་རང་ཉིད་གང་འདྲ་ཞིག་བྱེད་དགོས་མིན་སོགས་ཀྱི་ཐད་མི་ཆོས་ཀྱི་བསླབ་བྱ་རྒྱུ་མཚན་དང་བཅས་པར་འདི་ལྟར་བསྟན་ཡོད་དེ། “གཞན་སྡུག་པ་ལ་སྙིང་ཚིམ་མ་བྱེད། སྡུག་པ་རང་ལ་ཡང་འོང་། རང་སྐྱིད་པ་གཞན་ལ་མ་ངོམས། སྐྱིད་པ་གཞན་ལ་ཡང་འོང”ཞེས་རང་གཞན་དཔེ་མཉམ་གྱི་བསམ་བློའི་བསླབ་བྱ་འདོམས་པ་ནི་འཇིག་རྟེན་མི་ཆོས་དང་མཐུན་ཞིང་། སྐྱིད་སྡུག་ཆུ་བོའི་གཉེར་མ་སུ་ལའང་སྙོམས་པའི་དུས་ཤིག་མེད་པའི་ཆོས་ཉིད་བསྟན་ཅིང་། དེ་ལས་མི་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་རོགས་རམ། ཕན་ཚུན་སྐྱིད་སྡུག་མཉམ་མྱོང་གི་ལམ་ནས་གཞན་དཔེ་རང་འཇོག་དང་། རང་དཔེ་གཞན་སྟོན་བྱེད་དགོས་པའི་མི་ཆོས་ཀྱི་བསླབ་བྱ་གསུངས་ཡོད།

    ཡང《ལེགས་བཤད་འཕྲུལ་གྱི་དྲ་བ》ལས། “གྲོས་ཉེས་པ་ལ་འགྱོད་པ་མ་བཟླ། འཁྲུལ་པ་རང་ལ་ཡང་འོང་། ཕན་བཏགས་པ་ལ་དྲིན་མ་འདྲེན། བྱས་པ་ཡལ་ནས་འགྲོ་བ་ཡིན། མི་ཁ་བྱམས་སྡང་སྤྱོད་པ་ལ་རག་ལས། སྤྱོད་པ་གཟབས། ཟབ་མི་ཟབ་ཁ་མང་ཉུང་ལ་བྱེད་པ་ཡིན། དོན་མེད་མ་སྨྲ། སྤྱང་གླེན་ཕ་རོལ་གྱི་དགོངས་པ་ལོན་མི་ལོན་ལ་བྱེད་པ་ཡིན། ཡུན་རིང་སོམས། སེམས་གྲུང་རང་མགོ་ཐོན་མི་ཐོན་ལ་བྱེད་པ་ཡིན། རང་མགོ་ཐོན་པར་གྱིས། མི་ཆེ་དུས་སུ་ཁེངས་པ་སྐྱུང་དགོས་པ་ཡིན། དྲེག་པ་དང་ང་རྒྱལ་མ་ཆེ། བཀུར་མི་མང་དུས་སུ་འོག་ཏུ་འཛུལ་དགོས་པ་ཡིན། སྤྱོད་པ་གཟབས། འཁོར་མང་དུས་སུ་མི་རྩིས་ཆེ་དགོས་པ་ཡིན། གང་ལ་ཡང་སྲེལ”ཞེས་མིའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་རྒྱུ་མཚན་དང་བཅས་ཏེ་མང་ཙམ་བཀོད་པ་ནི་དགག་པའི་བསླབ་བྱ་དང་སྒྲུབ་པའི་བསླབ་བྱ་ཅི་རིགས་སུ་བསྟན་པའི་གནད་དམ་པ་ཡིན་ནོ། དེ་ལྟ་བུའི་མི་ཆོས་ཀྱི་བསླབ་བྱ་ཚན་པ་རེ་རེ་དོན་དངོས་ཀྱི་གནས་ལུགས་དང་ལག་ལེན་དངོས་ཀྱི་འཚོ་བའི་གནས་ཚུལ་དང་སྦྱར་ནས་སློབ་ཁྲིད་བྱེད་སྐབས་སློབ་མར་ལེགས་པར་ཁྲིད་ན་སློབ་མའི་རྒྱུད་ལ་སུབ་ཏུ་མེད་པའི་ཚེ་གང་གི་བག་ཆགས་འཇོག་ཐུབ་པ་དང་། བག་ཆགས་དེའི་རྐྱེན་གྱིས་མི་ཚེའི་བརྒྱུད་རིམ་དུ་ལུས་ངག་ཡིད་གསུམ་གཙོ་བོར་གྱུར་པའི་ཕྱིའི་བྱ་སྤྱོད་ཐད་མི་གཞི་ལེགས་པོ་ཞིག་ཡོང་ཐུབ་པས་སྤྱི་ཚོགས་མཆམ་མཐུན་དང་། ཞི་བདེ། མཐུན་སྒྲིལ་སོགས་ལ་སྒྲིག་ཁྲིམས་དང་བཅའ་ཁྲིམས་སོགས་ཀྱིས་ཚབ་བྱེད་མི་ཐུབ་པའི་མི་མངོན་པའི་ནུས་པ་ཐོན་ཐུབ་པར་སེམས། ཨ་རིའི་གྲགས་ཅན་གྱི་སློབ་གསོ་རིག་པ་མཁས་ཅན་ཏུའུ་ཝེ་ཡིས། “ངས་འདི་ལྟར་འདོད་དེ་སློབ་གསོ་ནི་སྤྱི་ཚོགས་ཡར་ཐོན་དང་སྤྱི་ཚོགས་སྒྱུར་བཀོད་བྱེད་པའི་གཞི་རྩིའི་ཐབས་ལམ་རེད། བཅའ་ཁྲིམས་དང་སྲོལ་ཡིག་ནི་གཏན་འབེབས་ཙམ་ལ་རྟེན་པ་དང། ཉེས་ཆད་འཇིགས་སྣང་ཙམ་ལ་རྟེན་པའམ། ཡང་ན་ཕྱི་རོལ་གྱི་འགྱུར་བ་མེད་པའི་བཀོད་སྒྲིག་ལ་སྒྱུར་བཅོས་བྱས་པ་ཙམ་ལ་རྟེན་པའི་སྒྱུར་བཀོད་ཡིན་པས། ཚང་མ་གནས་སྐབས་ཙམ་ཡིན་ལ་ཕན་པ་དེ་ཙམ་མེད། སློབ་གསོས་སྤྱི་ཚོགས་ཀྱི་འདུ་ཤེས་མཉམ་དུ་ལོངས་སུ་སྤྱོད་རིང་མཐུན་སྦྱོར་གྱི་ནུས་པ་འདོན་པ་ཡིན་ལ། འདི་རིགས་ཀྱིས་སྤྱི་ཚོགས་འདུ་ཤེས་ཀྱི་རྨང་གཞི་བྱས་པའི་མི་སྒེར་རམ་མི་སྒེར་གྱི་བྱེད་སྒོ་དང་འཕྲོད་པ་དེ་ནི་སྤྱི་ཚོགས་སྒྱུར་བཀོད་བྱེད་པའི་བློས་འགེལ་ཆོག་པའི་ཐབས་ལམ་ཉག་གཅིག་དེ་རེད”ཅེས་གསུངས་པ་ལྟར། སློབ་གསོའི་ནུས་པ་ལ་བརྟེན་ནས་མིའི་ནང་སེམས་ལ་ཚུར་སྣང་བྱུང་བའི་སྒུལ་ཤུགས་འདོན་པ་ནི་བཙན་ཤེད་རང་བཞིན་གྱི་སྲོལ་ཡིག་ལས་ལྷག་པའི་ནུས་པ་ལྡན་པ་བརྗོད་ཡོད། དེར་བརྟེན། བོད་ཀྱི་གནའ་བོའི་མི་ཆོས་རིག་གནས་ཀྱི་གཞུང་འདིས་ཁ་ཏ་བསླབ་བྱའི་ཚུལ་གྱིས་སྐྱེ་བོ་མཆོག་དམན་བར་གསུམ་དང་རྒན་དར་གཞོན་གསུམ་ལ་འཇིག་རྟེན་མིའི་ཚུལ་ལུགས་སྐྱོང་སྟངས་སྐོར་གྱི་སྤང་བླང་གི་ཆ་རྣམས་སྒོ་གསུམ་གྱི་ནད་གཞི་འཇོམས་པའི་སྨན་མཆོག་བཞིན། རྒྱུ་མཚན་ཚད་མ་དང་བཅས་བསྟན་པ་ནི་ལག་ལེན་གྱི་བདུད་རྩི་ཁོ་ནར་མཐོང་བས་རྗེས་སུ་ཡི་རང་ཞུ་དགོས་པའོ།།

    མདོར་ན། ས་པཎ་གྱིས་མཛད་པའི《ལེགས་བཤད་འཕྲུལ་གྱི་དྲ་བ》རུ་འཁོད་པའི་བསླབ་བྱ་ལས། མིའི་རང་བཞིན་དང་བྱ་བ་སོགས་ཀྱི་ལེགས་ཉེས་དང་སྤང་བླང་འཇུག་ལྡོག་སྐོར་གྱི་སྲོལ་རྒྱུན་མི་ཆོས་ཀྱི་བསླབ་བྱ་ནི་འགྲོ་བ་མིའི་བསམ་སྤྱོད་གཏམ་གསུམ་དང་ལུས་ངག་ཡིད་གསུམ་གྱི་སྒོ་གང་རུང་དང་མ་འབྲེལ་བ་མེད་ཅིང་། གདམས་དོན་སྙིང་པོ་ཡང་མི་མཆོག་དམན་བར་གསུམ་གཙོ་བོར་བཟུང་ནས་དུས་སྐབས་དེའི་མི་གཤིས་བཟང་འགྱུར་གྱི་དམིགས་འབེན་གནད་དུ་བཟུང་ནས་གསུངས་ཡོད་པས། ཡང་དག་ཅིང་ཕུན་སུམ་ཚོགས་པར་བསྟན་པའི་བསླབ་བྱ་འདི་ནི་དུས་ཀྱི་འཕོ་འགྱུར་དང་དུས་ཀྱི་འཕེལ་འགྲོས་དབང་གིས་རིན་ཐང་ཡལ་དུ་མེད་པའི་གསེར་གཞོང་མར་ཁུས་གང་བ་ལྟ་བུ་ཞིག་ཡིན་པས་ན། དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་དུ་སྤྱི་ཚོགས་ཀྱི་འཚོ་བའི་དོན་དངོས་རང་བཞིན་དང་སྣེ་མང་རང་བཞིན་དང་ལྷན་དུ་སྦྱར་ནས། སློབ་མར་སྤང་བླང་འཇུག་ལྡོག་གི་གནད་དག་ལེགས་པར་འཆད་ཁྲིད་བྱེད་པའི་སྒོ་འཕར་ཡངས་བར་ཕྱེ་ན། སློབ་མའི་མི་ཚེའི་བརྒྱུད་རིམ་ཧྲིལ་པོར་མི་དམན་པའི་བག་ཆགས་འཇོག་ཐུབ་པ་དང་གཏིང་ཟབ་པའི་སློབ་གསོའི་ནུས་པ་ཐོན་ངེས་ལགས་སོ།།

(ལྷ་ས་པེ་ཅིང་སློབ་འབྲིང་། ཆོས་བཟང་ནས)