སྤྲོ་སྣང་ཞེས་པ་གང་ན་ཡོད་དམ།༼གཏམ་རྒྱུད་ཐུང་ཡང་གནས་ལུགས་ཟབ།༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ན་གཞོན་འགའི་བསམ་པར་འདི་ལྟར་འཚོ་བ་རོལ་ན་སྤྲོ་སྣང་དང་སྐྱིད་སྣང་མེད་པས་ཕྱི་ལ་སོང་ནས་སྤྲོ་སྣང་འཚོལ་བར་ཁ་འཆམ།  ལམ་ཐག་རིང་བོར་སོང་ཡང་ཁོ་ཚོས་སྤྲོ་སྣང་བཙལ་ནས་མ་རྙེད་པའི་ཁར་ལྟོགས་སྐོམ་གྱི་མནར་གཅོད་ཀྱང་ཐེབས།    ཐབས་གཞན་མ་རྙེད་པས་ཁོ་ཚོ་ཡིད་མིག་ཞོར་སྔར་བཞིན་ལམ་ལ་ཆས།  

     ལམ་བར་ནས་ཁོ་ཚོས་རྒད་པོ་ཞིག་ཤེད་ཀྱིས་དགོད་པའི་བཞད་སྒྲ་ཐོས་པ་དང་།   མགོ་བོ་ཡར་ལ་བཀྱགས་ནས་བལྟས་པ་ན།  རྒན་པོ་དེ་ནི་མཚན་སྙན་གྲགས་ཕྱི་ནང་ཀུན་དུ་རྒྱས་པའི་མཚན་ཉིད་རིག་པ་བ་སུའུ་ཀེ་ལ་ཏིས་ཡིན་པ་དང་། ཁོང་གིས་སྡོང་རྒན་ཞིག་གི་འོག་ན་དཔེ་ཆར་བལྟ་བཞིན་འདུག    དཔེ་ཆར་བལྟ་ཞོར་གད་མོ་འཆོར་བ་དང་ཡོངས་སུ་སྤྲོ་སྣང་གི་ཀློང་དུ་ཚུད་འདུག   ན་གཞོན་ཚོས་མགོན་སྐྱབས་ཤིག་རྙེད་པ་བཞིན་མྱུར་བར་ཁོང་གི་གམ་དུ་སོང་ནས།     བརྩེ་བའི་དགེ་རྒན་ལགས།    སྐུ་ཉིད་ཀྱིས་ཅི་ལྟར་བྱས་ན་ད་གཟོད་ཁྱེད་ནང་བཞིན་སྤྲོ་སྣང་ཡོང་བ་ང་ཚོར་བཤད་ཨེ་ཆོག  དོན་དངོས་ཐོག་སྤྲོ་སྣང་ནི་གང་ན་ཡོད་དམ་ཅེས་དྲིས།  


      སུའུ་ཀེ་ལ་ཏིས་ཀྱིས་མགོ་བོ་ཡར་བཀྱེགས་ཤིང་ན་གཞོན་ཚོར་བལྟ་བཞིན།   ཨོ།  ཁྱོད་ཚོ་ནི་སྤྲོ་སྣང་འཚོལ་བར་ཡོང་བའི་ན་གཞོན་དེ་དག་ཡིན་ནམ།    ཁྱོད་ཚོས་སྤྲོ་སྣང་བཙལ་ནས་རྙེད་བྱུང་ངམ།   གལ་ཏེ་མ་རྙེད་ན་འདི་ལྟར་གྱིས།   ད་ནི་ཆར་འབབ་པའི་དུས་ཚིགས་ལ་སླེབས་རན་ཉེ་བས། ཁྱོད་ཚོས་སྡོང་བོ་བཅད་ནས་གྲུ་གཟིངས་ཆེན་པོ་ཞིག་ལས།   གྲུ་གཟིགས་དེ་ལས་ཚར་རྗེས་ངས་ཁྱོད་ཚོ་ལ་སྤྲོ་སྣང་ནི་གང་ན་ཡོད་པ་བཤད་ཆོག་ཅེས་ལན་བཏབ། 

      ན་གཞོན་ཚོས་སུའུ་ཀེ་ལ་ཏིས་ཀྱི་སྐད་ཆར་ཉན་ནས་གྲུ་གཟིངས་བཟོ་བའི་མགོ་བརྩམས་པ་དང་།  ཆར་འབབ་པའི་དུས་ཚིགས་མ་ཐོན་པའི་སྔོན་ལ་ཁོ་ཚོས་ཉིན་ཐོག་ལ་མཚམས་བཞག་ཅིང་བྲེལ་འཚུབ་ཀྱི་ཀློང་ནས་ཉིན་གཅིག་གི་དུས་ཚོད་ནི་ཅི་ལྟར་འགོར་བའང་མ་ཤེས། 

     ཉིན་ཞིག  སུའུ་ཀེ་ལ་ཏིས་ན་གཞོན་ཚོའི་ལས་ཀའི་གནས་ཚུལ་ལ་བལྟ་བར་སོང་།   ལས་ཀའི་བར་གསེང་ན་ཁོང་ཚོས་ཕྱོགས་གཅིག་ནས་གླུ་དབྱངས་ལེན་པ་དང་།   ཕྱོགས་གཅིག་ནས་ངལ་རྩོལ་བྱེད་བཞིན་པ་མཐོང་།    དེ་ནས་ཁོང་གིས་ན་གཞོན་ཚོ་ལ།    གཅེས་ཕྲུག་ཚོ།     ད་ལྟ་ཁྱོད་ཚོས་སྤྲོ་སྣང་དེ་གང་དུ་ཡོད་པ་ཤེས་བྱུང་ངམ་ཞེས་བཤད་པ་རེད།   སྤྲོ་སྣང་ནི་འདི་ལྟར་ཏེ།     མི་ཞིག་བྲེལ་བ་ཆེ་དྲགས་ནས་རང་ལ་སྤྲོ་སྣང་ཡོད་མེད་བསམ་བློ་གཏོང་ཁོམ་ཀྱང་མེད་དུས།  སྤྲོ་སྣང་ཞེས་པ་དེ་གློ་བུར་རང་གི་གམ་ལ་ཐོན་ཡོད།  

     སྤྲོ་སྣང་ནི་ཧུར་བརྩོན་གྱིས་དོན་དག་སྒྲུབ་མཁན་ལ་གཏོགས་པ་ཞིག་ཡིན།  དེ་མིན།  ཆེད་དུའམ་ཡང་ན་བསམ་གཟས་ནས་འཚོལ་དུ་སོང་ན་སྤྲོ་སྣང་ཞེས་པ་དེ་གབ་ནས་ཚོར་ཐུབ་པ་ཞིག་མིན། སེམས་གཅིག་རྩེ་གཅིག་གིས་རང་གི་མིག་མདུན་གྱི་དོན་དག་ལ་འབད་འབུངས་བྱས་ནས་སྒྲུབ་པ་ཡིན་ན།  བྲེལ་འཚུབ་ཀྱི་ཀློང་ནས་སྤྲོ་སྣང་ནི་བཙལ་མི་དགོས་པར་རང་དགར་ཕེབས་ཡོང་བ་ཞིག་ཡིན།