བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་པར་འགྲེམ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-10   རྩོམ་ཁུངས།    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

        ཉེ་ཆར། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྲི་བསམ་གཏན་གྱིས་བརྩམས་པའི《བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་འཇིག་རྟེན་མིག་གི་དགའ་སྟོན》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

        དེབ་འདིའི་ཁྲོད་ཀྱི་ཡིག་སྒྱུར་ལོ་རྒྱུས་སྐོར་ལེའུ་ཆེན་པོ་བརྒྱད་ཀྱིས་གྲུབ་ཡོད་དེ། དེ་ལ་ལེའུ་དང་པོ་བཙན་པོའི་དུས་ཀྱི་ཡིག་སྒྱུར་ལོ་རྒྱུས་དང་། ལེའུ་གཉིས་པ་ས་སྐྱ་བའི་དུས་ཀྱི་ཡིག་སྒྱུར་ལོ་རྒྱུས། ལེའུ་གསུམ་པ་ཕག་གྲུ་ནས་དགའ་ལྡན་ཕོ་བྲང་བར་གྱི་ཡིག་སྒྱུར་ལོ་རྒྱུས། ལེའུ་བཞི་པ་བོད་ཀྱི་ཉེ་རབས་ཡིག་སྒྱུར་ལོ་རྒྱུས། ལེའུ་ལྔ་བ་བོད་ཀྱི་དེང་རབས་ཡིག་སྒྱུར་ལོ་རྒྱུས། ལེའུ་དྲུག་པ་ལྗོངས་ཞིང་ཁུལ་གྱི་ཡིག་སྒྱུར་ལོ་རྒྱུས། ལེའུ་བདུན་པ་རིག་ཚན་སྐོར་ཞིག་གི་ཡིག་སྒྱུར་ལོ་རྒྱུས། ལེའུ་བརྒྱད་པར་དམིགས་བསལ་གྱིས་བོད་ཀྱི་ཡིག་སྒྱུར་གཞུང་ལུགས་ཀྱི་བྱུང་རིམ་སྟེ། ཞང་ཞུང་གི་ཡིག་སྒྱུར་གཞུང་ལུགས། ཐོན་མའི་ཡིག་སྒྱུར་གྱི་གདམས་པ། ལོ་ཙཱ་བ་ལྕེ་ཁྱི་འབྲུག་གི་ཡིག་སྒྱུར་རིགས་ལམ། སྒྲ་སྦྱོར་བམ་པོ་གཉིས་པའི་ཡིག་སྒྱུར་གཞུང་ལུགས། ས་སྐྱ་ཀུན་དགའ་རྒྱལ་མཚན་གྱི་ཡིག་སྒྱུར་གཞུང་ལུགས། ལྕང་སྐྱ་རོལ་བའི་རྡོ་རྗེའི་ཡིག་སྒྱུར་གཞུང་ལུགས། དགེ་འདུན་ཆོས་འཕེལ་གྱི་ཡིག་སྒྱུར་དགོངས་པ་སོགས་བཀོད་ཡོད།

        དེ་མིན་རྩོམ་པ་པོས་དཔྱད་གཞིའི་རྒྱུ་ཆ་ལ་ཁུངས་བཅོལ་དང་བསྡུ་སྒྲིག་བྱས་ཏེ། གཉའ་ཁྲི་བཙན་པོ་ནས་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་བར་དུ་ཐོན་པའི་ལོ་ཙཱ་བ་ཉིས་སྟོང་ལྷག་གི་མཚན་གྲངས་དང་རེའུ་མིག དེ་མིན་བརྩམས་ཆོས་ཀྱི་མིང་སུམ་བརྒྱ་ལྷག་དང་སྐད་གཉིས་ཀྱི་ཚིག་མཛོད་བཞི་བཅུ་ལྷག ལུང་འདྲེན་གྱི་བསྟན་བཅོས་དང་དཔྱད་རྩོམ་གྱི་ཁ་བྱང་བརྒྱ་ཁ་ལྷག་རྒྱ་ཆེའི་ཞིབ་འཇུག་པ་དག་ལ་མཁོ་འདོན་བྱས་ཡོད་དོ།།