སྡེ་དགེ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དེབ་ཁག་ཅིག་པར་དུ་བསྐྲུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-12-03   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        ཉེ་ཆར། དཀར་མཛེས་ཁུལ་སྡེ་དགེ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བསྒྲིགས་པའི་《ཁྲོ་ལའི་གཟི་འོད་མུ་འབྲེལ་དཔེ་ཚོགས་》(དེབ་1-3)དང་《སྒྱུ་རྩལ་ཁྲོ་ལའི་དར་ཤམ་》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། 《ཁྲོ་ལའི་གཟི་འོད་མུ་འབྲེལ་དཔེ་ཚོགས་》(དེབ་1-3)སུ་《ལོ་རྒྱུས་ཁྲོ་ལའི་གཟི་འོད།》དང་《སྙན་ཚིག་ཁྲོ་ལའི་མགུལ་རྒྱན།》《རང་མོས་ཁྲོ་ལའི་རང་མདངས།》བཅས་རྩོམ་རིག་སྐོར་གྱི་དེབ་གསུམ་འདུས་ཡོད།

《ལོ་རྒྱུས་ཁྲོ་ལའི་གཟི་འོད།》

        དེབ་འདི་ནི་ཡུལ་དངོས་བརྟག་དཔྱད་དང་ལོ་རྒྱུས་ཀྱི་རྒྱུ་ཆ་གང་མང་ལ་ཁུངས་བཅོལ་དེ་སྡེ་དགེའི་ཡུལ་གྱི་གནའ་མཁར་དང་ཕོ་བྲང་། དགོན་སྡེ་དང་དམངས་ཁྲོད་ཀྱི་ཁྱད་དུ་འཕགས་པའི་སྔོན་བྱུང་གི་ལོ་རྒྱུས་དང་། མཛེས་ཉམས་དོད་པའི་ད་ཡོད་ཀྱི་གནས་སྟངས་སོགས་ངོ་མཚར་སྙན་འགྱུར་འབུམ་གྱི་ཀློང་དུ་བཞེངས་ཡོད་པས། དེབ་འདི་ལས་ང་ཚོས་སྡེ་དགེའི་ཡུལ་གྱི་འདས་སོང་གི་ལོ་རྒྱུས་དང་མ་འོངས་པའི་གོམ་ཁ་དཔོག་ཐུབ་ལ། ད་ཡོད་ཀྱི་འཚོ་བའི་ཁད་བབས་ཀྱང་རྟོགས་ཐུབ་བོ། །

《སྙན་ཚིག་ཁྲོ་ལའི་མགུལ་རྒྱན།》

        མཚོ་བྱུང་ལྷ་མོའི་པང་ནས་ནར་སོན་ཅིང་དྲུག་འགྱུར་པི་ཝང་རྒྱུད་ལས་གཉིད་སད་པའི་ན་གཞོན་སྐོར་ཞིག་གིས། སྙིང་ཆུང་དམར་པོའི་གསེང་ནས་ཁྲག་གི་འཕར་ལྡིང་དང་འགྲོགས། རང་བྱུང་འབྱུང་བཞིའི་ལས་དབང་དང་འཇིག་རྟེན་འགྲོ་བའི་གཤིས་ཀྱི་ཁ་ཕྱོགས་སོགས་ལ་བརྟེན། གནའ་བོའི་སྙན་ངག་གོམ་འགྲོས་ཀྱི་གྲ་མ་ཞིག་གྲུ་མ་ཉམས་པར་རང་བློའི་རྣམ་དཔྱོད་འཇོལ་མོའི་སྒལ་པར་རྩེན་བཞིན་དུ་སྙན་མོ་དྲུག་འགྱུར་དབྱངས་སུ་གྱེར་བའི་བཅད་མའི་དེབ་ཀྱི་ཕུང་པོ་འདི་ཉིད་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་ཡོད།

《རང་མོས་ཁྲོ་ལའི་རང་མདངས།》

        རང་བློ་རང་ལ་དག་ཅིང་རང་སེམས་རང་ལ་ཆེས་པའི་རྩོམ་རིག་གསར་མའི་ལས་ལ་སྤྲོ་སྣང་ལྡན་པའི་གཞོན་སྐྱེས་རྩོམ་པ་པོ་ཁག་ཅིག་གིས། རྩོམ་ཀྱི་ཁ་ཕྱོགས་རང་ཉིད་མོས་པའི་ལམ་ཕྱོགས་ལ་བསྐྱོད་དེ། རྩོམ་གྱི་ཚིག་ཕྲེང་ལ་ཚད་བཀག་དང་ཆ་རྐྱེན་དམིགས་བསལ་བ་མེད་ཐོག་ཏུ། སྙན་ཚིག་གི་དྲི་བསུང་འཐུལ་ཞིང་རྗོད་བྱེད་མཛེས་མདངས་དབང་བོའི་གཞུ་རིས་ལྟར་རྣམ་པར་བཀྲ་བའི་རྩོམ་ཚོགས་འདི་ཕུལ་ཡོད་དོ། །

《སྒྱུ་རྩལ་ཁྲོ་ལའི་དར་ཤམ།》

        དེབ་འདིར་སྡེ་དགེའི་ཡུལ་གྱི་ཀརྨ་སྒར་བྲིས་ལུགས་ཀྱི་སྐྱོང་པའི་ལྷ་རིས་པ་སྐོར་ཅིག་གི་སྐུ་གཟུགས་ཀྱི་ཐིག་རྩ་འབྲི་ལུགས་ཀྱི་ཆེད་རྩོ་དང་རི་མོ་སོགས་སྦྲགས་བཀོད་ཡོད། ཀརྨ་སྒར་བྲིས་ཀྱི་ལུགས་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ནས་དུས་རབས་བཅུ་བདུན་པའི་བར་དུ་གནས་པའི་ཀརྨ་པའི་ཆོས་ཚོགས་འཛམ་གླིང་རྒྱན་ཞེས་པའི་ཆོས་སྒར་ཆེན་པོ་དེའི་ནང་རི་མོ་འདིའི་སྲོལ་གསར་དུ་དར་བས་སྒར་བྲིས་ཞེས་མིང་ཐོགས་པ་དང་། ལུགས་འདིའི་སྲོལ་གཏོད་པ་པོ་ནི་སྒར་ཆེན་གྱི་བླ་མ་ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་མཆོག་ཡིན་ཞིང་། ད་ལྟ་ལའང་སློབ་བུ་རྒྱུན་འཛིན་པ་གྲངས་ལས་འདས་པ་ཡོད། ཀརྨ་སྒར་བྲིས་ཀྱི་ཁྱད་ཆོས་གཙོ་བོ་ནི་ཡུལ་ལྗོངས་བཀོད་པ་མཛེས་པ་དང་། ཚོན་གྱི་ཁ་དོག་སྣུམ་ཁ་ལྡན་པ། ལྷ་དང་མི་སྣའི་ཉམས་འགྱུར་གསོན་ཉམས་ལྡན་པ། སྤྱིའི་རི་མོའི་བཀོད་པའི་ཆ་ནས་ལྷ་དང་མི་སོགས་ཆུང་ལ་ས་གཞི་བར་སྟོང་ཆེ་བས། རི་བོ་ལས་མི་ཆེ་བ་དང་། ཤིང་སྡོང་ལས་ལྷ་སྐུ་རིང་བ་སོགས་ཀྱི་སྐྱོན་རྣམས་ལེགས་བཅོས་མཛད་ཡོད་དོ། །