ལྕགས་ལམ་སྐྲུན་རྗེས་ཁུན་མིང་ནས་བདེ་ཆེན་དུ་ཆུ་ཚོད4ནང་འབྱོར་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་11པའི་ཚེས་27ཉིན་གྱི་སྔ་དྲོར།ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཐད་ཚད་བརྒལ་ཆེན་པོ་བྱུང་ཡོད།  ཀྲུང་གོ་ལྕགས་ལམ་ཅུས་བཅུ་དྲུག་པའི་འཛུགས་སྐྲུན་པས་ཉིན་མཚན་2469ལ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ལག་རྩལ་གྱི་དཀའ་གནད་མང་པོ་སེལ་ནས་ཧ་པ་རི་བོའི་ཕུག་ལམ་སྐྲུན་ཏེ།སྨི་5774ཡི་མཉམ་གཤིབ་ས་དོང་བདེ་བླག་ངང་ཤར་གཏོང་ཐུབ་པ་དང་། ཕུག་ལམ་ལས་གྲྭའི་འཛུགས་སྐྲུན་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པ་རེད། 

    ཧ་པ་རི་བོའི་ཕུག་ལམ་དེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་སུ་གནས་པ་དང་། ཕུག་ལམ་གྱི་རིང་ཚད་ཧྲིལ་པོར་སྨི་9523དང་ཕུག་ལམ་གྱི་ས་འོག་གཏིང་ཚད་ཆེ་ཤོས་སྨི་1155ཟིན་གྱི་ཡོད། མཚོ་བོད་ས་མཐོའི་ཤར་ལྷོའི་མཚམས་ཀྱི་འཕྲེད་རྒྱུག་རི་རྒྱུད་ཀྱི་ཡུན་ནན་ནུབ་བྱང་གི་གཞུང་རོང་ས་རྒྱུད་དུ་གནས་པར་བརྟེན། ས་ཁོངས་ཀྱི་གས་སྲུབས་ས་རྒྱུད་ཆེ་གྲས་མང་པོ་ཞིག་གི་ཤུགས་རྐྱེན་ཐེབས་ནས་ཕུག་ལམ་བཟོ་བའི་བརྒྱུད་རིམ་ནང་འདམ་རྡོའི་ཆུ་རུད་དང་། རི་ཉིལ་བ། བྲག་རྡོ་མཉེན་པོའི་བཟོ་ལྟ་འགྱུར་བ་ཚབས་ཆེན་བྱུང་བ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་ཡོད་པ་རེད།

    དེ་ལས་ཀྱང་ཛ་དྲག་ཆེ་བ་ཞིག་ནི་ཕུག་ལམ་ནང་ས་ཤུགས་ཆེ་ཤོས་29.4MPaཟིན་པ་དང་ཕུག་ལམ་གྱི་ལྕགས་སྒྲོམ་གྱི་ཡན་ལག་གནོན་ཤུགས་2MPaལས་བརྒལ་ནས་རྒྱལ་ཡོངས་ཀྱི་ལྕགས་ལམ་ཕུག་ལམ་གྱི་གནོན་ཤུགས་ཚད་ཆེ་ཤོས་ཡིན་པ་རེད། སྔོག་འདོན་བྱེད་སྐབས་ཕུག་ལམ་འགྲམ་གྱི་གྱང་ལ་བཟོ་ལྟ་འགྱུར་ལྡོག་ཧ་ཅང་ཚབས་ཆེན་པོ་བྱུང་ཡོད་པ་དེ་རྒྱལ་ཡོངས་ཀྱི་ཕུག་ལམ་ཨར་ལས་བྱེད་རིང་མཐོང་དཀོན་པ་ཞིག་རེད།

    ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་140ཙམ་ཡོད་ལ། དེ་ནི་རང་རྒྱལ་གྱི་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ཀྱི་དབུས་ནུབ་རྒྱུད་ཀྱི་གཞུང་ལམ་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། ལྕགས་ལམ་ཤར་གཏོང་ཐུབ་རྗེས་བདེ་ཆེན་ཁུལ་གྱིས་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།ལྕགས་ལམ་ཤར་གཏོང་བྱས་རྗེས་ཁུན་མིང་ནས་སེམས་ཀྱི་ཉི་ཟླ་བར་ཆུ་ཚོད་4ཡི་ནང་འབྱོར་རེ་ཡོད་པས། ཡུན་ནན་ནུབ་བྱང་ས་ཁུལ་གྱི་ལྕགས་ལམ་དྲ་བ་དང་སྐྱེལ་འདྲེན་ཞབས་ཞུའི་ཞན་ཆ་ནུས་ལྡན་ངང་གསབ་ནས་ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་ཐུབ་པ་རེད།