བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ཀྱི་བསམ་བློའི་རང་བཞིན་མདོར་བསྟན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-29   རྩོམ་ཁུངས།    མཚོ་ལྷོ་བོད་ཡིག་སྨྱན་གསར།

བོད་ཀྱི་ཟློས་གར་གྱི་གོ་དོན་དང་ཁྱད་ཆོས།

     ཟློས་གར་ཞེས་པ་ནི་ལུས་ཀྱི་ཉམས་འགྱུར་དང་རྐང་ལག་གི་སྟངས་སྟབས། ངག་གི་སྨྲ་བརྗོད་དུ་མ་ཡང་ཡང་ཟློས་ཤིང་གར་བྱེད་པའམ། ཡང་ན་གར་སྟེགས་ཀྱི་སྣང་བརྙན་བརྐོ་བཟོ་བྱེད་རྒྱུ་དམིགས་ཡུལ་དུ་བྱེད་ཅིང་། འཁྲབ་སྟོན་པའི་འཁྲབ་བསྒྱུར་དཀྱིལ་སྙིང་དུ་གྱུར་པའི་རྩོམ་རིག་དང་འཁྲབ་སྟོན།   རོལ་དབྱངས། བྲོ་གར། མཛེས་རིས་སོགས་རྣམ་པ་མང་བོ་ལས་གྲུབ་པའི་སྣ་འཛོམས་ཀྱི་འཁྲབ་སྟོན་སྒྱུ་རྩལ་ཞིག་ཡིན་ལ། མི་སྣ་དང་དོན་རྐྱེན། དུས་ཚོད། གནས་ཡུལ་རྣམས་ཆེས་གཅིག་བསྡུས་ཀྱི་ངང་ནས།   ཚད་བཀག་ཡོད་པའི་གར་སྟེགས་དང་འཁྲབ་སྟོན་དུས་ཚོད་ཀྱི་ནང་དུ་མི་སྣའི་བྱ་བྱེད་ཉམས་འགྱུར་དང་སྐད་ཆ། མི་སྣའི་གཤིས་ཀ་འབུར་དོད། དོན་གྱི་བྱུང་རིམ་མྱུར་བར་འཕེལ་བ་སོགས་ཟློས་གར་གྱི་འཕེལ་འགྲོས་མགྱོགས་ཤིང་རྣོ་ངར་ལྡན་ལ་ཛ་དྲག་ཆེ་བའི་འགལ་བ་ཁ་འཐབ་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་མངོན་པར་མཚོན་ཞིང་། མི་རྣམས་ཀྱི་ཚོར་འདུ་སྐྱོམས་པར་བྱས་ཏེ་ལེགས་ཉེས་སྤང་བླང་གི་ཆར་གོ་བསྐོན་བློ་འགུགས་ཀྱི་སློབ་གསོའི་ནུས་པ་ཐོན་ནུས། བོད་དུ་ཟློས་གར་འཁྲབ་སྟོན་གྱི་སྲོལ་ཐོག་མ་ནི་དུས་རབས་བཅུ་བཞི་བའི་སྐབས་རིང་དར་བར་གྲགས་ཤིང་ཐོག་མའི་སྲོལ་བཏོད་པ་པོ་ནི་ཐང་སྟོང་རྒྱལ་བོ་ཞེས་པ་དེ་ཡིན། དེའང་ཐང་སྟོང་རྒྱལ་པོའམ་མཚན་དངོས་ཀམ་ཀམ་པ་བརྩོན་འགྲུས་བཟང་པོ་ཟེར་ཞིང་། ཁོང་ནི་རབ་བྱུང་དྲུག་པའི་ཤིང་གླང་ལོར(སྤྱི་ལོ1385)གཙང་སྟོད་ཀྱི་ཆབ་འོག་ངམ་རིང་རྫོང་གི་འོལ་ཀ་ལྷ་རྩེ་ཞེས་པར་འཁྲུངས། རྗེ་ཙོང་ཁ་པ་དང་དུས་མཉམ། གྲུབ་ཐོབ་ཀྱི་སྙན་པ་ཕྱོགས་ཀུན་ཏུ་ཁྱབ། ཤངས་པའི་ཆོས་བརྒྱུད་འཛིན། རྒྱ་ནག་དང་རྒྱ་གར། བོད་དབུས་གཙང་གསུམ་སོགས་ཡུལ་གྲུ་མང་པོར་ཕེབས་ནས་འགྲོ་དོན་རྒྱ་ཆེར་མཛད། བོད་ཡུལ་སྟོད་སྨད་དུ་ལྷ་ཁང་དང་ལྕགས་ཟམ་གྲུ་ཤན་བཅས་མང་དུ་བཙུགས། ལྷ་སའི་ལྕགས་པོ་རིར་ལྷ་ཁང་བཞེངས་ཤིང་སྨན་རྒྱལ་རི་ཞེས་མཚན་གསོལ། 

    བོད་ཀྱི་ཆོས་རྒྱལ་སོགས་ཀྱི་རྣམ་ཐར་ཟློས་གར་གྱི་ལམ་ནས་སྟོན་པ་དེང་སང“ཨ་ཅེ་ལྷ་མོ”ཞེས་གྲགས་པའི་འཁྲབ་གཞུང་མང་དུ་བརྩམས། འཇོམས་བྱེད་རིལ་བུ་དམར་པོ་སོགས་མན་ངག་མང་པོ་མཛད། དགུང་ལོ་བརྒྱ་དང་ཉེར་ལྔ་པ་རབ་བྱུང་དགུ་བའི་ས་མོ་སྦྲུལ་ལ(སྤྱི་ལོ1509)གཅུང་རི་བོ་ཆེར་གཤེགས། དེའང་གྲུབ་ཆེན་ཐང་སྟོང་རྒྱལ་བོས་ལྕགས་ཟམ་སྐྲུན་པའི་མཐུན་རྐྱེན་དུ་ལྷོ་ཁའི་འཕྱོངས་རྒྱས་རྫོང་ཁོངས་སུ་ཁྱིམ་ཚང་ཞིག་ལ། ཤེས་རིག་བཀྲ་ཞིང་སྐྱེས་གཟུགས་མཛེས་པའི་བུ་མོ་སྤུན་བདུན་ཡོད་པར་གྲུབ་ཆེན་རང་གིས་རྐང་ལག་གི་སྟངས་སྟབས་དང་གླུ་གར་སོགས་ཁྲིད་སྟོན་མཛད་དེ། དབུས་ཁུལ་ཡུལ་གྲུ་ཁག་ལ་ཕེབས་ནས་ཟློས་གར་འཁྲབ་སྟོན་བྱས་ཏེ་དགེ་སྐུལ་དཀར་ཐིགས་བསླངས། བུ་མོ་གཞོན་ནུ་མ་དེ་དག་གིས་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་སྟེ་ཨ་ཅེ་ལྷ་ཡུལ་ལས་བབས་པ་ལྟ་བུར་ངོ་མཚར་བྱུང་བས“ཨ་ཅེ་ལྷ་མོའམ་ལྷ་མོའི་ཟློས་གར”ཞེས་མིང་ཐོགས་ཤིང་། ཕྱིས་སུ“སྐྱོ་མོ་ལུང་ལྷ་མོ་ཚོགས་པ”(དུས་རབས་བཅོ་བརྒྱད་པའི་ནང་།)མདོ་དབུས་ཁམས་གསུམ་དུ་བོད་ཀྱི་ཟློས་གར་ཚོགས་པ་མང་པོ་ཞིག་བཙུགས་ནས་བོད་ཀྱི་ཟློས་གར་སྔར་ལས་གོང་འཕེལ་དུ་བཏང་ཞིང་། བོད་ཀྱི་ཟློས་གར་དེ་ལ་ཡང་སྒྱུ་རྩལ་གྱི་ཁྱད་ཆོས་དང་གྲུབ་མཐའ་མི་འདྲ་བ་དུ་མ་ཆགས། བོད་ཀྱི་ཟློས་གར་དེ་ཐོག་མར་དར་དུས་རོལ་ཆའི་རམ་འདེགས་ཉུང་ཞིང(རྔ་དང་སྦུབ་ལས་མེད)གར་སྟེགས་དང་སྟེགས་ལྗོངས་སོགས་ཀྱང་ངེས་གཏན་ཞིག་མེད་ལ། ཕལ་ཆེར་སྐབས་བསྟུན་གང་བདེའི་སྒོ་ནས་འཁྲབ་སྟོན་བྱས་ཆོག་པར་སྣང་། དེ་འདྲ་ཞིག་ཡིན་ཡང་ཟློས་གར་གྱི་འཁྲབ་སྟོན་སྒྲིག་གཞི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་དེ། གཏམ་རྒྱུད་གང་རུང་ཞིག་འཁྲབ་སྟོན་བྱེད་ཀྱང་། “མདོ”དང་“གཞུང”དང་“བཀྲ་ཤིས”བཅས་གོ་རིམ་གསུམ་ཚང་དགོས། དེ་ཡང་“མདོ”ཞེས་པ་ནི་ཟློས་གར་གྱི་སྔོན་འགྲོ་ལྟ་བུ་ཡིན་ལ་མདོ་འཛིན་པ་ཞེས་པ་གར་སྟེགས་སུ་ཞུགས་ནས་དཀོན་མཆོག་ལ་མཆོད་བརྗོད་དང་ལྟ་མཁན་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས་སྐབས་བབས་འཁྲབ་གཞུང་ངོ་སྤྲོད་བྱེད་པ་ཡིན། “མདོ”དེའང“རྔོན་པས་ས་འདུལ”དང་“རྒྱ་ལུས་བྱིན་འབེབས།”  “ཨ་ཅེ་ལྷ་མོ”གསུམ་གྱིས་གྲུབ་བོ། “གཞུང”ཞེས་པ་ནི་སྐབས་བབས་འཁྲབ་སྟོན་བྱེད་པའི་ཟློས་གར་གྱི་གཏམ་རྒྱུད་དངོས་དང་། “བཀྲ་ཤིས”ཞེས་པ་ནི་མཇུག་བསྡུ་བའི་རིམ་པའོ༎ འཁྲབ་སྟོན་གྱི་སྒྲིག་གཞི་འདིའི་སྟེང་ནས་བོད་ཀྱི་ཟློས་གར་གྱི་མི་རིགས་ཁྱད་ཆོས་དང་བོད་མིའི་མཛེས་དཔྱོད་ཕུགས་བསམ་དེ་གཅིག་བསྡུས་ཀྱིས་མཚོན་སྣང་། བོད་དུ་འཁྲབ་སྟོན་བྱེད་པའི་སྲོལ་རྒྱུན་ཟློས་གར་གྱི་གཏམ་རྒྱུད་དག་ལས་སྡེ་སྲིད་སངས་རྒྱས་བརྒྱ་མཚོའི་རིང་ཕོ་བྲང་པོ་ཏ་ལའི་སླར་བཞེངས་གྲུབ་སྟོན་དུ《དཔག་འཁྲི》ལས་ནོར་བཟང་སྐྱེས་རབས་འཁྲབ་སྟོན་བྱས་པ་དང་། རས་ཆུང་དབུས་ཕེབས་སོགས་སྔ་ཤོས་སུ་བརྩི་ལ། རྗེས་སུ་རིམ་བཞིན་ཡོངས་གྲགས་སུ་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་དུ་འབོད་པ་ལས་ཆོས་རྒྱལ་ནོར་བཟང་ཕུད་པ་ལས་གཞན་པ་བདུན་དང་། རྒྱལ་བུ་སྤྲིན་གྱི་བཞོན་པ། རྒྱལ་བུ་དད་པ་བརྟན་པ། རཱ་མ་ཎ། བཟོད་པའི་དབང་ཕྱུག སྦྱིན་པ་ཆེན་པོ་སོགས་ཟློས་གར་གྱི་འཁྲབ་གཞུང་འགའ་རེ་བྱུང་ངོ་། །

ཆོས་རྒྱལ་ནོར་བཟང་།

    རྒྱལ་བུ་ནོར་བཟང་དང་ཡིད་འཕྲོག་མ་གཉིས་ཀྱི་འགྱུར་མེད་རྣམ་དག་གི་བརྩེ་དུང་ལ་བསྔགས་བརྗོད་དང་། ནོར་བཟང་གིས་སླད་མེད་བརྩེ་དུང་དེའི་ཆེད་དུ་དཀའ་བ་བརྒྱ་ཕྲག་ཁྱད་དུ་གསོད་ཐུབ་པའི་འགྲན་བྲལ་སྙིང་སྟོབས་ལ་བསྟོད་གླུ་བླངས་པ་དང་ཆབས་ཅིག་ཏུ། གདུག་རྩུབ་ཆེ་ཞིང་ལས་འབྲས་མི་བརྩི་བའི་རིགས་ལྡན་རྒྱལ་བོ་ཞག་པ་གཞོན་ནུ་དང་། ཕྲག་དོག་གི་དུག་ཆུས་ཀུན་ནས་མྱོས་པའི་བཙུན་མོ་ཉིས་སྟོང་ལྔ་བརྒྱ་ཐམ་པ། སྦྱོར་བ་ངན་པས་གཞན་ལ་གནོད་ཅིང་འཚེ་བའི་ཨ་མཆོད་ཧ་རི་བཅས་ཀྱིས་མཚོན་པའི་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་དགེ་མཚན་དང་ལེགས་ཚོགས་ལ་གནོད་བྱེད་དུ་གྱུར་བའི་མི་རྣམས་ལ་ཟུར་ཟ་དང་མཚང་འབྱིན་བྱས་ཡོད་དོ། །

དྲི་མེད་ཀུན་ལྡན།

   རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་ཉམ་ཐག་འཁོར་འབངས་རྣམས་ལ་སྙིང་རྗེ་ཆེན་པོ་བཅངས་ནས།  རྒྱལ་བོའི་བང་མཛོད་ལས་ནོར་བུ་དགོས་འདོད་དཔུང་འཇོམས་སོགས་ཕངས་པ་མེད་པར་ཟང་ཟིང་གི་སྦྱིན་པ་བཏང་བར་མ་ཟད། རང་གི་ཆུང་མ་དང་སྲས་མིང་སྲིང་གསུམ། རང་གི་སྤྱན་ལ་སོགས་པའང་སྦྱིན་པ་བཏང་སྟེ་དོན་དམ་སྦྱིན་པའི་མཐའ་རྫོགས་པར་མཛད་པའི་རྨད་བྱུང་མཛད་སྤྱོད་ལ་ཚད་མཐོན་པོའི་སྒོ་ནས་བསྔགས་བརྗོད་མཛད་པའོ། །

གཟུགས་ཀྱི་ཉི་མ།

    འདུ་བྲལ་ལས་གྲུབ་པའི་རྒྱལ་བོ་ཟླ་བའི་སེང་གེ་དང་བཙུན་མོ་གཟུགས་ཀྱི་ཉི་མ་གཉིས་ཀྱི་སླད་མེད་བརྩེ་དུང་ལ་བསྔགས་བརྗོད་དང་། དེ་གཉིས་ཀྱི་མི་ཕྱེད་བརྩེ་དུང་དེ་གཞན་གྱིས་གཏོར་བཤིག་དང་གནོད་འཚེས་འཇིག་མི་ཐུབ་ལ། ཁ་བྲལ་དང་དུས་ཚོད་ཀྱིས་གཞོམ་དུ་མེད་པ་མཚོན་པ་དང་ཆབས་ཅིག་ཏུ། བསམ་སྦྱོར་ངན་པས་གཞན་ལ་གནོད་ཅིང་འཚེ་བའི་མི་ངན་དེ་ཅི་ནས་ཀྱང་ཕམ་ཉེས་སུ་འགྲོ་བའི་ཆོས་ཉིད་ལེགས་པར་བསྟན་ཡོད།

རྒྱ་བཟའ་བལ་བཟའ།

    རྒྱ་བཟའ་དང་བལ་བཟའི་རྣམ་ཐར་ལ་ཕྱོགས་གསུམ་སྟེ། གཅིག མགར་སྟོང་བཙན་གཙོས་བོད་ཀྱི་བློན་པོ་རྣམས་ཀྱིས་རིན་ཆེན་རྒྱན་གོས་ཀྱི་ལག་རྟགས་ཁྱེར་ནས་བལ་བོ་དང་རྒྱའི་ཕོ་བྲང་དུ་འབྱོར་བ་དང་བཙན་པོའི་ཕྱག་བྲིས་གསུམ་ཕུལ་བ་བྲིས་པ་བརྒྱུད་ནས་སྲོང་བཙན་སྒམ་པོའི་མཁས་མཛངས་དང་བློ་གྲོས་ལ་བསྔགས་བརྗོད་བྱས་པ་དང་། གཉིས། མགར་སྟོང་བཙན་གྱིས་རྒྱལ་ཁབ་གཞན་གྱི་ཕོ་ཉ་དང་བློ་རྩལ་འགྲན་པ་བྲིས་པ་བརྒྱུད་ནས་མགར་གྱི་ཐུན་མོང་མ་ཡིན་པའི་བློ་དང་རིག་པའི་རྩལ་ལ་བསྟོད་ཅིང་བསྔགས། གསུམ། བལ་བཟའ་དང་རྒྱ་བཟའ་བོད་དུ་འབྱོར་ཞིང་གཉེན་སྟོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ་བ་བྲིས་པ་རྒྱུད་ནས་བོད་བལ་དང་བོད་རྒྱ་བར་གྱི་གཉེན་འབྲེལ་དང་མཛའ་མཐུན་ལ་བསྟོད་གླུ་བླངས་ཡོད་དོ། །

པདྨ་འོད་འབར། 

    རྣོ་ངར་ལྡན་ལ་གནད་དུ་འཁེལ་བའི་སྒོ་ནས་རྒྱལ་བོ་ལོག་པའི་མཆོད་སྦྱིན་གྱི་བླུན་པོའི་ངང་ཚུལ་དང་གདུག་རྩུབ་ཆེ་བའི་སྤྱོད་ཚུལ། དགོད་བྲོ་བའི་བསམ་སྦྱོར་ལ་འཕྱ་དམོད་མཚང་འབྱིན་བྱས་ཏེ། གཞན་ཕན་ལས་ལ་བརྩོན་པའི་ཚོང་དཔོན་ནོར་བཟང་གི་མཛད་རྗེས་དང་། ནོར་བཟང་གི་བུ་པད་མ་འོད་འབར་གྱི་ནུས་སྟོབས་དང་བློ་གྲོས། རྨད་བྱུང་གཞན་ཕན་གྱི་འཕྲིན་ལས། མི་འཇིག་རྡོ་རྗེའི་ཚེ་སྲོག་བཅས་ལ་འུད་བསྟོད་རྒྱ་ཆེར་མཛད་དེ། དམ་པའི་ཆོས་ལ་བློ་ཁ་ཕྱོགས་ནས་མཆོག་གསུམ་སྐྱབས་སུ་བཟུང་ན་བསམ་དོན་ཇི་བཞིན་འགྲུབ་ཅིང་གཞན་གྱིས་གནོད་འཚེ་མི་ཐེབས་པའི་བསམ་བློ་བསྟན་སྣང་ངོ་། །

གཅུང་དོན་ཡོད་དོན་གྲུབ།

    རྒྱལ་བུ་དོན་ཡོད་དང་དོན་གྲུབ་གཉིས་ཀྱི་མི་འགྱུར་མཛའ་བརྩེ་ལ་བསྔགས་བརྗོད་དང་། ཁོང་གཅེན་གཅུང་གཉིས་ཀྱི་ལས་དབང་ལ་གདུང་སེམས་ཀྱི་མིག་ཆུ་གཏོང་བ་དང་ཆབས་ཅིག་ཏུ། བཙུན་མོ་པདྨ་ཅན་གྱི་བསམ་སྦྱོར་ངན་པ་དང་། རང་ཚུགས་མེད་པའི་རྒྱལ་བོ་སྟོབས་ཀྱི་ལྷའི་མ་རིག་པའི་མཛད་སྤྱོད། བདུད་བློན་ཏྲི་ཤུའི་ཕྲག་དོག་དང་གཡོ་སྒྱུ་བཅས་ལ་ཟུར་ཟ་དང་ཐེར་འདོན་བྱས་ཏེ། སྤྱིར་ལས་རྒྱུ་འབྲས་ལ་བརྩི་འཇོག་དང་དམ་པའི་ཆོས་ལ་བསྟུན་པ་སྐྱེད་ན། ད་གཟོད་ལེགས་ཚོགས་དང་ཕན་བདེ་འབྱུང་བའི་གནས་ལུགས་ཟབ་མོ་ནན་གྱིས་བསྟན་པ་རེད་དོ། །

འགྲོ་བ་བཟང་མོ།

    མཁའ་འགྲོ་མ་འགྲོ་བ་བཟང་མོའི་སྲས་མོ་ཀུན་ཏུ་བཟང་མོ་དང་ལྷ་སྲས་ཀུན་ཏུ་ལེགས་གཉིས་ལ། ཕྲག་དོག་དང་ཞེ་སྡང་གིས་ཀུན་ནས་མྱོས་པའི་ཧ་ཅང་བདུད་མོ་ཟེར་བ་དེས་ཐབས་བརྒྱ་ཇུས་སྟོང་གིས་ཐེངས་མང་པོར་གནོད་འཚེ་གཏོང་བར་བརྩམས་ནའང་། ལྷ་སྲས་མིང་སྲིང་གཉིས་ཀྱི་ཚེ་སྲོག་ལ་གནོད་འཚེ་ཅི་ཡང་མ་ཐེབས་པར། མཐར་རྒྱལ་ཁྲིར་བཞུགས་པ་ལ་བསྔགས་བརྗོད་དང་། ཧ་ཅང་བདུད་མོ་བསམ་སྦྱོར་ངན་པ་དང་ཧམ་སེམས་ཆེན་པོ་ལ་མཚང་འབྱིན་དགག་རྒྱག་ནན་མོ་བྱས་ཤིང་། མཁའ་འགྲོ་མ་འགྲོ་བ་བཟང་མོའི་བླ་མེད་མཛད་སྤྱོད་དང་ངོ་མཚར་རྫུ་འཕྲུལ་ལ་ཚད་མཐོན་པོའི་སྒོ་ནས་འུད་བསྟོད་མཛད་པ་ལགས་སོ། །

སྣང་ས་འོད་འབུམ།


    ཆུང་ངུའི་དུས་ནས་བཟུང་དམ་པའི་ཆོས་ལ་ལྷག་ཏུ་མོས་ཤིང་ཡ་རབས་ལམ་དུ་གཞོལ་བའི་བུ་མོ་སྣང་ས་འོད་འབུམ་གྱིས་རི་ནང་དཔོན་པོ་སྒྲ་ཆེན་ཡབ་སྲས་ཀྱི་གཅར་རྡུང་ཚད་མེད་པ་མྱངས་པ་དང་། ཁོ་མོར་དམ་པའི་ཆོས་སྒྲུབ་པ་དང་གཞན་ཕན་ལས་ལ་ཞུགས་པར་རང་དབང་ཆེན་པོའི་གནས་ཚུལ་དེར་གདུང་སེམས་བཅངས་པ་དང་། ཁོ་མོ་ཆགས་སྡང་རྨོངས་གསུམ་ལས་གྲུབ་པའི་འཇིག་རྟེན་འཁོར་བའམ་རི་ནང་དཔོན་པོ་སྒྲ་ཆེན་པ་ཡབ་སྲས་ཀྱི་བཙན་དབང་དང་གཏུམ་སྤྱོད་ཀྱི་མདུན་དུ་དཔའ་མ་ཞུམ་བློ་མ་ཕམ་པར། ཚེ་གཅིག་ལུས་གཅིག་ལ་དམ་པའི་ཆོས་རྨ་མེད་པ་ཞིག་བསྒྲུབ་རྒྱུའི་མི་འགྱུར་དམ་པའི་རི་མོ་སྙིང་ལ་བཀོད་དེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་གཞི་ནས་དམ་པའི་ཆོས་ལ་གཞོལ་བའི་ངོ་མཚར་མཛད་སྤྱོད་དང་ཕུལ་བྱུང་སྙིང་སྟོབས་ལ་བསྔགས་བརྗོད་དང་མོས་གུས་ཚད་མེད་མཛད་པ་བརྒྱུད་དེ། སྒང་བ་བོད་ཀྱི་ལས་ལ་བརྩོན་ཞིང་བྱམས་བརྩེ་ལྡན་ལ་དམ་པའི་ཆོས་ལ་མོས་པའི་བུད་མེད་ངལ་རྩོལ་པའི་ལས་དབང་ངམ་སྣང་བརྙན་ལ་གདུང་སེམས་བཅངས་ཡོད་ལ་བསྔགས་བརྗོད་ཀྱང་མཛད་པ་རེད། ཁྱད་པར་དུ་རི་ནང་དཔོན་པོ་སྒྲ་ཆེན་པ་ཡབ་སྲས་ཀྱི་བྱ་སྤྱོད་ངན་པས་མཚོན་སྐབས་དེའི་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་ངན་རུལ་གྱི་རྣམ་པ་གསལ་རྗེན་དུ་བཏོན་སྣང་ངོ་། །
--བརྗོད་བྱའི་ཡོངས་ཁུངས། 《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས།》ཞེས་པ་ལས་དྲངས།