ནང་མ་དང་སྟོད་གཞས་ལ་དགའ་བའི་ཁྱེད་ཀྱིས་འདི་དག་མཁྱེན་གྱི་ཡོད་དམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-25   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

    ནང་མ་ནི་གནའ་བོའི་དམངས་ཁྲོད་ཀྱི་རོལ་མོ་དང་ཞབས་བྲོའི་རྨང་གཞིའི་ཐོག་སྒྱུར་བཅོས་གོང་འཕེལ་བྱུང་བའི་གླུ་གཞས་ཀྱི་རྣམ་པ་ཞིག་ཡིན་པར་ངེས། ནང་མའི་འགྱུར་ཁུག་གནའ་ཉམས་དོད་ལ་གར་སྟབས་ཀྱི་ཉམས་འགྱུར་མཛེས་པ་དང་། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པས། དབུས་གཙང་ཁུལ་དུ་དར་ཁྱབ་ཆེན་པོ་ཡོད།ནང་མའི་གླུ་གཞས་ཀྱི་གྲུབ་ཆ་ཁག་གསུམ་དུ་དབྱེ་བ་སྟེ། དང་པོ་འཇོག་དང་། བར་དུ་རྒྱང་གཞས། མཇུག་ཏུ་འཁྲུག་གཞས་བཅས་རེད། 

    འཇོག་ནི་རོལ་མོ་དཀྲོལ་བ་ལས་གཞས་དང་ཞབས་བྲོ་གཉིས་ཀ་མེད། དེ་ནི་གཞས་འགོ་འཛུགས་པའི་དབྱངས་གདངས་རེད། རྒྱང་གཞས་ཀྱི་དབྱངས་གདངས་ནི་ནང་མའི་སྙིང་བཅུད་ལྟ་བུ་ཞིག་ཡིན་པས། གཞས་གདངས་སྙན་ཞིང་བག་ཕེབས་པ་དང་། ཞབས་བྲོ་དངོས་དེ་ཙམ་མེད་པ་ལ་གར་མཁན་གྱིས་ལུས་ཀྱི་སྟངས་སྟབས་ཀྱི་སྒེག་ཉམས་དང་གུས་ལུགས་ཀྱི་རྣམ་པ་མཚོན་བྱེད་དུ་སྐབས་རེ་ཕྱག་འབུལ་དང་ཐལ་མོ་སྦྱོར་བ་ལ་སོགས་ཀྱི་གུས་ལུགས་ཞུ་སྲོལ་ཡོད།

    འཁྲུག་གཞས་ནི་མཚམས་ཚིགས་ཀྱི་འགྱུར་ཁུག་མྱུར་ལ་སྤྲོ་སྣང་འཕེལ་བ་ཞིག་ཡོད་པས། དེ་ནི་ནང་མའི་ཆེས་འཁྲུག་ཤོས་སུ་གྱུར་པའི་མཚམས་དེ་ཡིན། སྟོད་གཞས་དང་ནང་མ་གཉིས་ཀྱི་དབར་ལ་ཕྱོགས་མང་པོའི་ཐད་ཕན་ཚུན་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས། ནང་མའི་རྩ་བའི་སྟངས་སྟབས་མང་པོ་ཞིག་ཀྱང་སྟོད་གཞས་ནས་བྱུང་བ་དང་། ནང་མའི་གཞས་ཚིག་ཕལ་ཆེ་བ་དྲུག་ཚིག་ཡིན་ལ། ནང་དོན་ཡང་ཕུན་སུམ་ཚོགས་པོ་ཡོད། རོལ་ཆ་ནི་སྒྲ་སྙན་དང་། གླིང་བུ། ཡང་ཆིན། པི་ཝང་། ལོང་ཤང་། དལ་ཆེན། གན་ཆག་བཅས་ལས་རོལ་ཆ་གཞན་སྤྱོད་སྲོལ་མེད།