བོད་ཀྱི་གསོ་རིག་དཔེ་རྙིང་རྩ་ཆེན་ཞིག་པར་སྐྲུན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-23   རྩོམ་ཁུངས།    མི་དམངས་དྲ་བ།

    ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཞེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2021ལོའི་ཟླ་དང་པོའི་བར་བོད་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཆེན་གྱི་དེ་སྔའི་སློབ་གཙོ་ཉི་མ་ཚེ་རིང་གིས་གཙོ་སྒྲིག་བྱས་པའི《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཞེས་པར་གཏོགས་པའི་པོ་ཏི60པར་སྐྲུན་འགྲེམས་སྤེལ་བྱས་པ་དང་། ཁྱོན་བསྡོམས་དཔེ་རྙིང་རིགས་1434དང་། ཤོག་ངོས་83000ལྷག་ཙམ། ཡིག་འབྲུ་ཁྲི་4500ལྷག་ཙམ་བཅས་བསྡུས་ཡོད་པ་རེད། 

     བོད་ལུགས་གསོ་རིག་སྨན་བཅོས་ལོ་རྒྱུས་ཐོག་ཡུན་རིང་རྒྱུན་འཛིན་བྱེད་པའི་ཁྲོད། པོ་ཏི་མང་ལ་ནང་དོན་རྒྱ་ཆེ་བ། བཟོ་དབྱིབས་མི་འདྲ་བ་བཅས་ཀྱི་དཔེ་རྙིང་བཟོས་ཐུབ་ཡོད། གསར་འགྱུར་མགྲིན་ཚབ་པས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ངོ10ལྷག་ནང་ཞིབ་འཇུག་ཚོ་ཆུང་གི་ལམ་ཆོད་ཚད་སྤྱི་ལེ་ཁྲི་8ལས་བརྒལ་བ་དང་དཔེ་རྙིང་སྣ་ཁ་ཆིག་ཁྲི་ལྷག་དང་ཤོག་གྲངས་ཁྲི་50ལྷག་བསྡུ་རུབ་ཐུབ་པའི་ནང་མཐོང་དཀོན་པའི་ལག་བྲིས་དེབ་རྐྱང་པ་དང་། རྩ་ཆེའི་རིགས་སོགས་འདུས་ཡོད་པ་རེད། 
     དཔེ་སྐྲུན་འགྲེམས་སྤེལ་མ་བྱས་སྔོན་ཨང་བཤེར་དང་། ཉམས་གསོ། ཚོན་པར། ཞུ་དག པར་སྒྲིག་སོགས་ལས་རིམ་30ལྷག་བྱས་ཡོད། ཞིབ་འཇུག་ཚོ་ཆུང་གིས“སྲུང་སྐྱོང་དང་བེད་སྤྱོད་གལ་ཆེན་མཉམ་བརྩི”བྱེད་པའི་གཞི་རྩའི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་དེང་རབས་ཀྱི་ལག་རྩལ་བྱ་ཐབས་ལ་བརྟེན་ནས་ཐད་ཀར་རེག་པའི་རྣམ་པ་མིན་པའི་ཨང་བཤེར་བྱེད་ཐབས་སྤྱོད་པ་དང་། གློག་ཀླད་བརྒྱུད་ཉམས་གསོ་བྱས་པས་དཔེ་རྙིང་ལ་གནོད་སྐྱོན་མི་ཐེབས་པར་བྱས་ཡོད། གནའ་དཔེ་རྩ་ཆེན་100ལེགས་འདེམས་བྱས་པ་དང་། སྲོལ་རྒྱུན་གྱི་བཟོ་རྩལ་ལ་བརྟེན་ནས་གླེགས་ཤིང་དང་གླེགས་ཐུམ། གླེགས་ཐག་སོགས་བཟོས་ཡོད། གཞན་ཡང་ཞིབ་འཇུག་ཚོ་ཆུང་གིས་ད་དུང་པི་ཏི60དེ་དག་ནང་ཁུལ་དུ་མཁོ་འདོན་བྱེད་པའི་གློག་རྡུལ་པར་གཞི་བཟོས་ནས་དཔེ་རྙིང་གྲངས་གཞིར་བཟོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། 
     《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཞེས་པ་ལེགས་སྒྲིག་དང་དཔེ་སྐྲུན་བྱས་པ་དེ་ནི་ཉེ་བའི་ལོ་ཤས་རིང་བོད་ལུགས་གསོ་རིག་སྨན་བཅོས་ཁྱབ་ཁོངས་ཀྱི་ཚན་ཞིབ་གྲུབ་འབྲས་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། བོད་ལུགས་གསོ་རིག་སྨན་བཅོས་ཀྱི་སློབ་གསོ་སློབ་ཁྲིད་དང་། ཚན་རིག་ཞིབ་འཇུག ནད་ཐོག་སྨན་བཅོས་ལག་ལེན། བོད་སྨན་གསར་སྤེལ་བཅས་དང་། རྒྱལ་ཁབ་ཀྱི་རིག་གནས་བདག་དབང་དང་བདེ་འཇགས་སྲུང་སྐྱོང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། དཔེ་རྙིང་ཁྲོད་ཀྱི་ཡིག་གཟུགས་དང་། པར་རིས། རི་མོ་བཅས་ཀྱིས་དཔེ་རྙིང་ལོ་རབས་གཏན་འཁེལ་བར་གཞི་རྩའི་ཁུངས་སྣེ་དང་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་ལ་མི་རྣམས་ལ་དེའི་ཁྲོད་ཀྱི་ཡིག་གཟུགས་དང་རི་མོའི་སྒྱུ་རྩལ་མྱོང་རོལ་བྱེད་དུ་འཇུག་གི་ཡོད། 
     ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་འཇུག་ཚོ་ཆུང་གིས་ལོ་5ཡི་ནང་པོ་ཏི61ནས་100ཙམ་འཚོལ་སྒྲིག་དང་དཔེ་སྐྲུན་ལས་དོན་གྱི་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད། མིག་སྔར་པོ་ཏི61ནས་70བར་ལེགས་སྒྲིག་དང་དཔེ་སྐྲུན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་ལོ་མཇུག་གོང་ལེགས་སྒྲུབ་བྱ་རྒྱུ་རེད། གཞན་ཡང་ཞིབ་འཇུག་ཚོ་ཆུང་གིས་ད་དུང་བོད་ལུགས་གསོ་རིག་སྨན་བཅོས་དཔེ་རྙིང་དཔྱད་ཡིག་གྲངས་གཞི་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་གོ་ལ་ཧྲིལ་པོའི་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་དཔེ་རྙིང་ཡིག་ཚགས་ཀྱི་ཆ་འཕྲིན་ལྟེ་གནས་ཆེ་ཤོས་ཤིག་བསྐྲུན་རྒྱུ་རེད།