མྱུར་སྐྱེལ་ཁུག་མ་ལེན་དུས་ཤོ་ལོ་ཀ་འདི་ཡིད་ལ་ཟུངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-19   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཟླ11པའི་ཚེས11ཉིན་གྱི་"རྒྱས་ཉོ"མཇུག་སྒྲིལ་བ་དང་། མྱུར་སྐྱེལ་ཁུག་མ་མང་པོ་ཞིག་ཁྱིམ་དུ་ལོག་པའི་ལམ་དུ་ཡོད་སྲིད། མྱུར་སྐྱེལ་ཁུག་མ་ལེན་པའི་སྐབས་ཀྱི་དགའ་སྤྲོ་ལས་གཞན་ཁྱེད་ལ་ད་དུང་མྱུར་སྐྱེལ་ཁུག་མར"དོགས་ཟོན"ཞིག་ཀྱང་ཡོད་དགོས།

        ཉེ་ཆར། རྒྱལ་ནང་གི་ས་ཁུལ་ཁ་ཤས་སུ། མྱུར་སྐྱེལ་ཁུག་མའི་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་མངོན་པའི་གནས་ཚུལ་ཐོན་ཡོད།

        མྱུར་སྐྱེལ་ཁུག་མས་ནད་དུག་ཁྱབ་མཆེད་བྱེད་ཐུབ་བམ། གནས་ཚུལ་ཅི་འདྲའི་འོག་ཁྱབ་མཆེད་བྱེད་ཐུབ།

        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲུང་གོ་ནད་ཡམས་ཚོད་འཛིན་ཆེད་མཁས་པས་བཤད་རྒྱུར།  མྱུར་སྐྱེལ་ཁུག་མའི་ཐུམ་སྒྲིལ་ཁྱིམ་དུ་འཁྱེར་མི་ཆོག

        ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དུག་སེལ་རིག་པའི་དབུ་བཞུགས་ཆེད་མཁས་པ་ཀྲང་ལིའུ་པོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། པྲོག་གསར་ནད་དུག་མྱུར་སྐྱེལ་ཁུག་མ་བརྒྱུད་ནས་མཆེད་པར་ཆ་རྐྱེན་གསུམ་ཚང་དགོས་པ་སྟེ།

        གཅིག མྱུར་སྐྱེལ་ཁུག་མ་སྐུར་བ་དང་ལེན་པའི་བརྒྱུད་རིམ་ཁྲོད་པྲོག་གསར་ནད་དུག་འགོས་པ།

        གཉིས། མྱུར་སྐྱེལ་ཁུག་མ་ལེན་སྐབས། མྱུར་སྐྱེལ་ཁུག་མའི་སྟེང་གི་པྲོག་གསར་ནད་དུག་ད་དུང་ཤི་མེད་པ།

        གསུམ། མྱུར་སྐྱེལ་ཁུག་མ་ལེན་སྐབས་པྲོག་གསར་ནད་དུག་འགོས་པ།

        ཀྲང་ལིའུ་པོ་ཡིས་བསྟན་དོན། མྱུར་སྐྱེལ་ཁུག་མ་ལས་ནད་དུག་འགོ་རྒྱུ་སྔོན་འགོག་བྱེད་པར་གཤམ་གསལ་གྱི་དོན་ཚན་གསུམ་ལ་མཉམ་འཇོག་དགོས།

        དང་པོ། ནད་དུག་མི་འགོ་ཐབས་བྱེད་དགོས། དཔེར་ན་ཉེན་ཆེ་ཉེན་འབྲིང་ས་ཁུལ་གྱི་མྱུར་སྐྱེལ་ཁུག་མའི་ལས་དོན་མཚམས་འཇོག་པའམ་ཉེན་ཁ་ཆེ་བའི་མི་ཚོགས་དང་ཚ་བ་རྒྱས་བའི་ནད་པས་བསྐུར་བའི་མྱུར་སྐྱེལ་ཁུག་མ་མི་བསྐྱལ་བ། མྱུར་སྐྱེལ་པས་བདེ་ཐང་གི་དོ་དམ་ཤུགས་སྣོན་བྱེད་པ་དང་། རང་ཉིད་ལ་ནད་མི་འགོ་བ་བྱེད་རྒྱུ། ནད་བྱུང་བ་ན་ལས་མཚམས་འཇོག་རྒྱུ། མྱུར་སྐྱེལ་ཁུག་མ་བརྒྱུད་སྐུར་བྱེད་སྐབས་སྲུང་སྐྱོབ་ཡག་པོ་བྱེད་པ་ལས་ཐུམ་སྒྲིལ་ཕྱི་རོལ་དུ་ཐད་ཀར་མི་མངོན་པ་བྱེད་རྒྱུ།

        གཉིས་པ། མྱུར་སྐྱེལ་ཁུག་མ་བསྡུ་བ་དང་རིགས་དབྱེ་གོ་རིམ་ཁྲོད་དུ་མྱུར་སྐྱེལ་ཀུང་སིས་མྱུར་སྐྱེལ་ཁུག་མའི་ཕྱི་ངོས་སུ་དུག་སེལ་བྱེད་དགོས།

        གསུམ་པ། ཚང་མས་མྱུར་སྐྱེལ་ཁུག་མ་ལེན་པའི་སྐབས་སུ་མི་སྒེར་གྱི་འགོག་སྲུང་ཡག་པོ་རྒྱག་པ་དང་། ཁ་ཐུམ་དང་ལག་ཤུབས་གྱོན་པ། མི་དང་མིའི་བར་སྨི1གི་བར་ཐག་འཇོག་དགོས། མྱུར་སྐྱེལ་ཁུག་མའི་ཕྱི་ཐུམ་ཁྱིམ་དུ་ཁྱེར་མི་ཡོང་བ་དང་། ངེས་བར་དུ་ཁྱེར་ཡོང་དགོས་ན་ཕྱི་ངོས་སོ་སོར་དུག་སེལ་བྱེད་དགོས། ད་དུང་གཟབ་ནན་བྱེད་དགོས་ས་ཞིག་ནི་ཚང་མས་ཐུམ་སྒྲིལ་བཤུས་རྗེས་ལག་པའི་གཙང་སྦྲ་ཡག་པོ་བྱེད་དགོས།