བྱིས་པས་ཁ་པ་ལ་བལྟས་ན་གནོད་པ་མང་པོ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-11-16   རྩོམ་ཁུངས།    ཡོངས་འཛིན།

  བྱིས་པའི་བདེ་སྲུང་སྒོ་བསྟེན་སྨན་ཁང་དུ། ཕྲུ་གུས་སྐད་ཆ་མི་ཤོད་པ་དང་སྐད་ཆ་ཤོད་ཁག་པ་སོགས་ཀྱི་སྐོར་བསྟེན་མཁན་གྱི་ཕྲུ་གུ་མང་དུ་འགྲོ་བཞིན་ཡོད། སྨན་པ་བསྟེན་རིང་། སྨན་པས་ཁྱིམ་བདག་ལ་དུས་རྒྱུན་ཕྲུ་གུས་བརྙན་འཕྲིན་དང་ཁ་པར་ལ་ལྟ་བའི་དུས་ཚོད་རིང་མིན་སྐད་ཆ་འདྲི་སྐབས། ཁྱིམ་བདག་མང་པོས་རང་གི་ཕྲུ་གུས་ཁ་པར་དང་བརྙན་འཕྲིན་ལྟ་བར་དགའ་པོ་ཡོད་ཚུལ་དང་ཁ་པར་སྤྱོད་མཁས་ཚུལ་རྗོགས་རྒྱུ་མེད་པ་གླེང་བ་མ་ཟད། ཁ་པར་ལ་དབྱིངས་ཚུད་སྐབས། སྐད་ག་ཚོད་བཏང་ཡང་ཁ་ཡ་བྱེད་ཀྱི་མི་འདུག་ཅེས་བཤད་་ཀྱི་ཡོད། དོན་དངོས་སུ་ཕྲུ་གུ་འདི་དག་སྐད་ཆ་མི་ཤོད་པའམ་སྐད་ཆ་ཤོད་ཁག་པོ་ཁོ་ན་མིན་པར་ཕྲུ་གུའི་བསམ་ཤེས་ཀྱི་ནུས་པ་དང་སྟངས་འཛིན་གྱི་ནུས་པ་སོགས་ཐད་ལ་ཡང་སྐྱོན་ཆེན་པོ་བཟོ་གི་ཡོད།

ཁ་པར་སོགས་གློག་རྡུལ་ཐོན་རྫས་ཀྱིས་ཕྲུ་གུར་གནོད་པ་གང་དག་ཡོད་དམ།

 རུས་པ་འཚར་བར་ཤུགས་རྐྱེན་བཟོ་བ།

    བྱིས་པའི་གཟུགས་པོའི་རུས་པ་འཚར་ལོངས་བྱེད་དང་བྱེད་བཞིན་པའི་སྒང་ཡིན་པས། བྱིས་པ་མང་པོས་ཁ་པར་ལྟ་སྐབས་མགོ་བོ་སྒུར་སྒུར་བྱེད་པ་དང་། འབོལ་ཁྲིའི་སྟེང་ཉལ་བ། ཡང་ན་གཟུགས་པོ་ཀྱོག་ཀྱོག་སོགས་བྱས་ནས་རྩེ་ཡི་ཡོད། སྡོད་སྟངས་དེ་དག་གིས་བྱིས་པའི་མཇིང་པ་དང་། ཕྲག་པ། སྒལ་ཚིགས་སོགས་ཀྱི་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།

མིག་ཤེད་ཉམས་པ།


      བྱིས་དུས་ནི་མིག་ཤེད་འཚར་ལོངས་འཐུས་ཚང་དང་མིག་ཤེད་བརྟན་པོ་མེད་པའི་དུས་ཡིན་པས། མིག་གི་དབང་པོའི་སྙོམས་སྒྲིག་ནུས་པ་ཧ་ཅང་ཞན་པོ་ཡོད། ཁ་པར་མིག་དང་ཐག་ཉེ་བ་དང་དུས་ཚོད་རིང་པོ་བེད་སྤྱོད་བྱས་ཚེ། ཕྲུ་གུའི་མིག་ལ་གནོད་པ་ཆེན་པོ་ཡོད་པ་མ་ཟད། རྒྱང་སྒྲིབ་ཀྱི་ནད་ཀྱང་ཕོག་སྲིད། སྐབས་འགར་ད་དུང་ཟུག་རྒྱག་པའི་ནད་རྟགས་ཐོན་སྲིད། དཔེར་ན། དུས་ཚོད་རིང་པོ་བརྙན་ཤེལ་ལ་བལྟས་པའི་རྐྱེན་གྱིས་ཕྲུ་གུའི་མིག་གི་མཆི་མའི་སྐྱི་མོར་གནོད་ཀྱི་ཡོད།

རང་གཅུན་གྱི་ནུས་པ་ཤོར་བ།


      ཕྲུ་གུའི་རང་གཅུན་གྱི་ནུས་པ་ཞན་པས། ཁ་པར་གྱིས་ཕྲུ་གུའི་རང་གཅུན་ནུས་པར་ཤུགས་རྐྱེན་ཐེབས་ཏེ་ཕྲུ་གུས་གཉིད་ཉལ་བ་དང་ཁ་ལག་ཟ་བ་སོགས་ཀྱི་དུས་ཚོད་འཕྲོ་བརླག་གཏོང་གི་ཡོད་ལ། འཚོ་བའི་གོམས་གཤིས་ལ་རིམ་བཞིན་འགྱུར་ལྡོག་འགྲོ་གི་ཡོད།

གཤིས་ཀར་ཤུགས་རྐྱེན་ཐེབས་པ།


     ཡུན་རིང་ཁ་པར་ལ་མགོ་འཁོར་ནས་ཕ་མ་སྤུན་མཆེད་དབར་དང་ན་མཉམ་གྱི་ཕྲུ་གུ་གཞན་དབར་གླེང་མོལ་ཉུང་དུ་ཕྱིན་ནས། གཞན་ལ་ཁ་བརྡ་བྱེད་མི་འདོད་པའམ་མི་དང་མིའི་དབར་འབྲེལ་འདྲིས་བྱེད་པའི་ནུས་པ་རིམ་བཞིན་ཞན་དུ་འགྲོ་གི་ཡོད།

སེམས་ཁམས་ལ་ཤུགས་རྐྱེན་ཐེབས་པ།


     ཁ་པར་གྱིས་བསྐྲུན་པའི་འཁྲུལ་སྣང་གི་འཇིག་རྟེན་ལ་ཡུན་རིང་མགོ་གཡེངས་པས། ཕྲུ་གུའི་སེམས་ཁམས་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར། ཁ་པར་ལ་དབྱིངས་ཞུགས་མཁན་ཕྲུ་གུ་རྣམས་ན་མཉམ་གྱི་ཕྲུ་གུ་གཞན་ལས་སེམས་ཁམས་མི་བདེ་བ་དང་གཉིད་ཡག་པོ་མི་ཁུག་པ། རླུང་ལང་བ་སོགས་དེ་བས་ཚབས་ཆེ་བ་ཡོད།


    ཕྲུ་གུ་ཞིག་འཕྲོ་བརླག་གཏོང་འདོད་ན། ཁ་པར་གཅིག་སྤྲད་ན་འགྲིག སྐད་ཆ་འདི་ནི་སྒྲོ་འདོགས་དང་འཇིགས་སྐུལ་བྱས་པ་ཞིག་གཏན་ནས་མིན། གློག་རྡུལ་ཐོན་རྫས་ཀྱིས་ཕྲུ་གུར་གནོད་པ་ཆེན་པོ་འདི་འདྲ་ཡོད་དུས་ང་ཚོས་ཇི་འདྲ་བྱེད་དགོས་སམ་ཞེ་ན།


ཁ་པར་ལྟ་ཡུན་ཐུང་དུ་གཏོང་བ།

    གལ་ཏེ་ཕྲུ་གུའི་ཕ་མས་རྟག་པར་ཁ་པར་བརྩེས་ནས་ཕྲུ་གུར་ཁ་པར་བརྩེ་མི་ཆོག་ཟེར་ན། ནུས་པ་ཐོན་སྲིད་དམ།

ཕྲུ་གུ་དང་མཉམ་དུ་རྩེད་མོར་རྩེ་བ།

      ཕ་མ་མང་པོས་རང་གི་ཕྲུ་གུ་དང་མཉམ་དུ་སྡོད་སྐབས་སྐད་ཆ་མང་ཙམ་ཤོད་པ་དང་། ཕྲུ་གུར་བསྟོད་བསྔགས་གཏོང་བ་དང་མཉམ་དུ་དོན་སྙིང་ལྡན་པའི་རྩེད་མོ་རྩེ་བའི་གོམས་གཤིས་མེད།  དེས་ན་ཕ་མས་ཉིན་རེར་ཕྲུ་གུ་དང་མཉམ་དུ་སྐར་མ་30ཡི་རིང་། ཕྲུ་གུས་དགའ་པོ་བྱེད་པའི་རྩེད་མོ་རྩེ་བ་དང་ཕན་ཚུན་སྒྲུང་གཏམ་ཤོད་པ་སོགས་བྱེད་དགོས།

ཁ་པར་ལྟ་ཡུན་ལ་ཚོད་འཛིན་བྱེད་པ། 

    ལོ་གཉིས་ལ་མ་སོན་པའི་ཕྲུ་གུར་ཁ་པར་སོགས་ལྟ་རུ་འཇུག་རྒྱུ་མེད་ལ། སློབ་ལོ་མ་ལོན་གོང་གི་ཕྲུ་གུས་ཉིན་ལྟར་ཀློག་ཀླད་རྩེ་བ་དང་ཁ་པར་ལྟ་བའི་དུས་ཚོད་ཆུ་ཚོད་གཅིག་ལས་འགལ་རྒྱུ་མེད། ཕ་མ་དང་ཕྲུ་གུས་དཔེར་ན་ཉིན་རེར་ཁ་པར་རམ་བརྙན་འཕྲིན་ལྟ་བའི་དུས་ཚོད་ག་ཚོད་ཁ་ཆད་བྱེད་དགོས་པ་མ་ཟད། ཁ་བཤད་ལག་བསྟར་བྱེད་དགོས།

གཞན་དང་རྩེད་མོ་རྩེ་བ།

    ཕ་མས་ཁྱིམ་དུ་བྱིས་པའི་རྩེད་ཆས་མང་ཙམ་གྲ་སྒྲིག་བྱེད་དགོས་པ་དང་། ལྷག་པར་དུ་ཕྲུ་གུ་མང་པོས་མཉམ་དུ་རྩེས་ཆོག་པའི་རྩེད་ཆས་དཔེར་ན། ཤིང་དུམ་དང་། ཤེས་བྱ་ཀུན་བཏུས་ཀྱི་དཔེ་དེབ། རི་མོའི་འབྲི་དེབ་སོགས་གྲ་སྒྲིག་བྱས་ཏེ་ཕྲུ་གུ་གཞན་དང་མཉམ་དུ་རྩེད་མོ་རྩེ་བར་སྐུལ་ལྕག་བྱེད་དགོས།

རོལ་རྩེད་གཞན་གྱིས་ཁ་པར་གྱི་ཚབ་བྱེད་པ།

    དཔེར་ན། ཕ་མས་རྒྱུན་དུ་རང་གི་ཕྲུ་གུ་དང་མཉམ་དུ་ཁོ་ཚོས་དགའ་པོ་བྱེད་པའི་དཔེ་དེབ་ལྟ་བ་དང་། རྩེད་མོ་རྩེ་བ། ཡང་ན་ཕྲུ་གུ་ཁྲིད་ནས་འཆམ་འཆམ་དུ་འགྲོ་བ། ཕྲུ་གུས་དགའ་པོ་བྱེད་པའི་སྒྲུང་ཤོད་པ་སོགས་བྱེད་དགོས།