རྒྱལ་ཐང་མྱི་ཟུར་ཡུལ་ལ་ལྟད་མོར་ཕེབས་པའི་མཐོང་ཐོས།

རྩོམ་པ་པོ།   ཚེ་རིང་དོན་གྲུབ།  ཡིག་བསྒྱུར།       དུས་ཚོད།   2021-11-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་ནས་ཆས་ཏེ་ཆུ་ཚོད་གསུམ་ལྷག་གི་འགྲུལ་བཞུད་བརྒྱུད་མཐར།   ས་སྲོད་ཀྱི་དུས་སུ་ང་རང་གཞི་ནས་ཡུན་རིང་ལ་རེ་སྒུག་དང་འགྲོ་སྙིང་བྱུང་བའི་མྱི་ཟུར་ཡུལ་དུ་བདེ་བླག་ངང་འབྱོར།    ཡིན་ནའང་ལམ་ཀྱོག་ཆེ་བ་དང་ངལ་དུབ་ཀྱིས་མནར་བས་དགོང་ཟས་སྟབས་བདེ་ཞིག་ཟོས་རྗེས་གཉིད་ཀྱི་ཞིང་ཁམས་འགྲིམས་པར་ལ་མོར་ཆས།

    ཕྱི་ཉིན་སྔ་མོར་ཐག་མི་རིང་བའི་བོད་ཁང་ཞིག་ནས་ཁྱིམ་བྱ་འགས་ནམ་ལངས་ཀྱི་ཅོང་བརྡ་བསྒྲགས་པ་དེས་ངའི་གཉིད་ཀྱི་བདེ་བ་དཀྲོགས་ཤིང་སྒེའུ་ཁུང་གི་ཡོལ་བ་ཕྱེས་པ་ན་རི་མགོ་མཐོན་པོའི་རྩེ་ལ་ཉི་མ་གཞོན་ནུའི་གསེར་གྱི་རང་མདངས་གསལ་གྱི་ལེར་ཤར་ཡོད་པས་ང་ཡང་མལ་ལས་ལངས།    ཡུལ་འདིའི་གོ་རེའམ་འཁུར་བ་ལེབ་མོ་གཅིག་ཟ་ཞོར་འོ་ཇ་དེམ་ཆུང་གང་འཐུང་རྗེས་ཡུལ་འདི་ན་གྲགས་ཆེ་བའི་རང་བྱུང་ཁོར་ཡུག་གི་མཇེས་པ་གཅིག་ཏུ་འདུས་སའི་མདོག་བདུན་རྦབ་ཆུ་ཞེས་པའི་ཕྱོགས་སུ་རྐང་ཐང་གིས་བསྐྱོད་པའི་མགོ་བརྩམས་པ་ཡིན།  

    མྱི་ཟུར་ནི་རྒྱལ་ཐང་ས་ཆར་མཚོན་ན་རང་བྱུང་མཛེས་ལྗོངས་ཙམ་དུ་མ་ཟད།    རོང་འབྲོག་གཉིས་ཆར་གྱི་ཁྱད་ཆོས་ལྡན་པ་དང་།   གདོད་མའི་བོན་ཆས་ཀྱི་རྒྱུན་ཚུགས་པ།    རིག་གནས་པ་དང་འཇོན་ཐང་ཅན་སྐྱེས་ས།     རྒྱན་གོས་ཀྱི་ཆ་ལའང་ས་གནས་རང་གི་ཁྱད་ཆོས་མངོན་གསལ་ལྡན་པ་སོགས་དམངས་སྲོལ་རིག་གནས་ཀྱི་རྨང་ཧ་ཅང་མཐུག་པའི་ཡུལ་གྲུ་ཞིག་ཡིན་སྟབས་ཕྱོགས་ཀུན་དུ་སྙན་གྲགས་ཆེ།    དྲན་འཛིན་གྱི་དཀྱིལ་ནས་ད་རུང་བརྗེད་མེད་པ་ཞིག་ལ་ལོ་འགའི་སྔོན་དུ་རང་རེའི་ཚགས་པར་ལས་ཁུངས་ཀྱི་འགོ་བ་པདྨ་ཚེ་རིང་གི་སྣེ་ཁྲིད་འོག་ང་དང་ལས་གྲོགས་ཚོ་ཡུལ་འདིའི་རི་སྐྱབས་རྟ་སྐྱབས་ཞེས་གནས་རི་ལ་མཆོད་ནས་རྟ་རྒྱུག་བྱེད་པའི་དམངས་སྲོལ་རིག་གནས་ཀྱི་བྱེད་སྒོ་ཆེ་གྲས་ཤིིག་ལ་ཞུགས་པའི་གོ་སྐབས་བྱུང་བ་དང་།    རྒན་རང་ཉིད་ཀྱང་ཡུལ་འདི་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་ཡིན་པས།    ས་འདིའི་མི་དང་རང་བྱུང་ཁམས་ལ་འབྲེལ་འདྲིས་ངེས་ཅན་ཞིག་ཡོད་པ་དང་།    ཁོ་རང་གི་མཐོང་ཐོས་མྱོང་གསུམ་རྣམས་རེ་རེ་བཞིན་ང་ཚོ་ལ་ངོ་སྤྲོད་བྱས་པས་ངའི་སེམས་ལ་བག་ཆགས་ཟབ་མོ་བཞག་འདུག  

    ལོ་འདི་འགའི་རིང་།   འབྲེལ་ཡོད་སྲིད་གཞུང་དང་ས་གནས་མང་ཚོགས་ཀྱིས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ནུས་ཤུགས་ཇེ་ཆེར་བཏང་བ་དང་།    ཡུལ་འདིའི་མི་བུ་ཆེ་ཆུང་སུ་ཡིན་ཀྱང་སྔར་ནས་རང་བྱུང་ཁོར་ཡུག་ལ་བརྩི་མཐོང་བྱེད་པའི་འདུ་ཤེས་མ་ཉམས་པར་ཕ་ས་དྲོན་མོར་བརྩེ་བ་བླ་ལྷག་ཏུ་བཅང་ཡོད་ལ།  མ་གཞིའི་ཆ་ནས་ཀྱང་མྱི་ཟུར་གྱི་ཡུལ་གྲུ་ལ་གངས་རི་དང་རྫ་རི།   ནགས་རིས་ཡོངས་སུ་བསྐོར་བ་དང་།   ནགས་ཀློང་ན་བྱ་བྱིའུ་སྣ་ཚོགས་ཀྱི་སྙན་པའི་སྐད་སྦྲ་འབྱིན་ལ།  མཚམས་དང་མཚམས་སུ་གངས་ཆབ་སྔོན་མོ་ལྷང་ལྷུང་དུ་འབབ་པ།   ནགས་འདབས་ན་རྟ་ནོར་ལུག་གསུམ་བག་གཡེང་གིས་འཚོ་ཞིང་གནས་པ།  མཁའ་དབུགས་གཙང་ཞིང་དྲོད་གྲང་སྙོམས་པ་སོགས་ཀྱི་ཆ་རྐྱེན་དུ་མ་འཛོམས་པས་འཛམ་གླིང་སྐྱེ་ཁམས་ཀྱི་གྲོང་ཚོ་ཨང་དང་པོ་ཞེས་པའི་མིང་བྱང་ཡང་བསྩལ་ཡོད་འདུག     རྔམ་བརྗིད་ལྡན་པའི་རང་བྱུང་ཁོར་ཡུག་གི་པང་ན་མི་ནི་ཇི་འདྲའི་ཉམས་ཆུང་བ་ཞིག་རེད་ཨང་།    ཐག་རིང་གི་གངས་རིའི་མུ་ཁྱུད་དང་རྫ་རི་སྨུག་པོ།   ནགས་རི་སྨན་ལྗོངས་ཕྱུག་མོ་སོགས་ལ་བལྟ་བའི་ཚེ་ན་ངའི་སེམས་ལ་དེ་སྔོན་རྗེ་བཙུན་མི་ལ་དང་སྐལ་ལྡན་རས་པས་ནགས་སུ་སྒྲུབ་པ་མཛད་དུས་ཀྱི་ཡུལ་དང་ཁོར་ཡུག་ནི་འདི་ལྟ་བུ་ཞིག་ལོས་ཡིན་སྙམ་པའི་འདུན་པ་ཞིག་ཀྱང་ཐོལ་བྱུང་དུ་སྐྱེས།  

    མདོག་བདུན་རྦབ་ཆུ་ཞེས་པར་སྔོན་མ་ཡིན་ན་རྐང་ཐང་གི་འགྲོ་འོང་གཉིས་ཀར་ཆུ་ཚོད་བདུན་བརྒྱད་ཙམ་མཁོ་བ་དང་།   ཆུ་འགྲམ་དང་ནགས་གཞུང་བརྒྱུད་དེ་སོང་ན་དྲོད་འཇམ་གྱི་ཉི་འོད་དང་།  མཐོ་སྒང་གི་བསིལ་རླུང་།   སྐྱེ་དངོས་སྣ་ཚོགས།   སྤང་ཐང་།    རྫ་ཆུ་བསིལ་མ་སོགས་ཀྱི་མཛེས་ལྗོངས་གང་རུང་ཉམས་སུ་མྱོང་ཆོག་པས་རྐང་འགྲུལ་བ་ཚོ་ཤིན་ཏུ་འགྲོ་དགའ་ཞིང་གདམ་གསེས་ལེགས་གྲས་ཀྱི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།     ཕྱོགས་སྣ་མང་གི་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པ་དང་ཀུན་ལ་སྟབས་བདེ་བཟོ་ཕྱིར་གྲམ་པའི་ཆུ་ཀླུང་གི་ངོགས་སུ་དོས་ལམ་བཟོས་ནས་འགྲོ་འོང་གཉིས་ཀར་ཆུ་ཚོད་བཞི་ལྔ་ཙམ་གྱིས་ཆོག་འདུག    ལམ་འདི་བརྒྱུད་པས་ཀྱང་གཙང་ཆབ་སྔོན་མོ་དྲག་ཏུ་འབབ་པའི་སྙིང་སྟོབས་དང་།   རླབས་ཀྱི་ཟེགས་མ་མཁའ་ལ་འཕྱོ་བའི་འགྱུར་བག     རྫ་སྟེང་ན་འགྱེངས་པའི་གསོན་སྡོང་གི་རང་ཚུགས།    སྟག་མའི་མེ་ཏོག་རྣམ་པར་བཞད་པའི་ཉམས་འགྱུར།    སྟོན་མཇུག་གི་རང་མདངས་དང་རང་བྱུང་ཁམས་ཀྱི་བྲོ་བ་སོགས་ཉམས་སུ་མྱངས་ཆོག་ལ།   སེམས་དལ་དལ་དང་བག་ལྷོད་ལྷོད་ངང་བསྐྱོད་ན་ཉིན་གོང་གི་དཀྱིལ་ལ་མདོག་བདུན་རྦབ་ཆུའི་འགྲམ་དུ་ཐོན་ཐུབ།  རྫ་རིའི་ཆུ་ཕྲན་གྱི་ངོས་ལ་གསེར་མདོག་གི་ཉི་འོད་འཕྲོས་པ་ན་འོད་ཀྱི་འགྱུར་ལྡོག་ལས་ཁ་དོག་སྣ་བདུན་གྱི་འཇའ་འོད་འཕྲོས་པས་རྦབ་ཆུ་ཆུང་ངུ་འདི་ཡང་མིང་དོན་མཐུན་པ་ཞིག་ཏུ་སྣང་།   ང་རང་གནས་དེར་ཐོན་དུས་རྐང་འགྲུལ་བཞུད་པ་འགའ་སྔར་ནས་གནས་དེར་ཐོན་འདུག་ལ་ཅི་ཞིག་འཚོལ་སྙེག་བྱེད་པ་ལྟར་འདུག་ཅིང་ཅུང་མ་འགོར་བར་ཡུལ་སྐོར་བ་བཅུ་གྲངས་ཤིག་རྐང་ཐང་དུ་གནས་དེར་ཐོན།   

    ཡུལ་དེའི་གཞོན་ནུ་མ་ཞིག་གིས་བཤད་ན།   སྔོན་ཆད་རྒྱལ་ཐང་གི་རྔོན་པ་ཞིག་སྣོད་བཅུད་ཀྱི་བཀོད་པ་ངོ་མཚར་བའི་ཡུལ་འདིར་རི་དྭགས་རྔོན་པར་ཐོན་པ་དང་།    ཉི་མ་ཤར་སའི་ཟུར་ཞིག་གམ་མིག་གིས་མཐོང་སའི་ཟུར་སྣེ་ཞིག་ན་ཁྱིམ་དུད་འགའ་ཆགས་ཡོད་པ་མཐོང་བ་རྐྱེན་དུ་བྱས་ཏེ་གྲོང་ཚོའི་འདིའི་མིང་ལ་མྱི་ཟུར་ཞེས་ཐོགས་ལ།   ཡང་གཞན་གྱི་གཏམ་རྒྱུད་ལ་གཞི་བཅོལ་ནས་མྱུ་ཟུར་དང་མིག་ཟུར་སོགས་བྲིས་པའང་སྣང་།   གང་ལྟར་ཡུལ་འདིའི་ཕྱོགས་བཞི་བོར་གདོད་མའི་ནགས་ཚལ་གྱིས་ཡོངས་སུ་བསྐོར་ཞིང་དུས་ཚིགས་བཞི་བོར་སྔོ་ལྗང་སེར་ཡོད་པས་ད་ལྟའི་དུས་ལ་ཡང་གྲོང་ཚོ་དང་ཐག་རིང་བའི་ནགས་ཀློང་ན་གཅན་གཟན་ཡོད་པ་གོར་མ་ཆག   


    དགའ་འོས་པ་ཞིག་ལ།   རྐང་བཞུད་ཀྱི་ལམ་བར་ནས་ང་རང་རྒྱལ་ཐང་ཐང་ག་འཛིན་གྲྭའི་གྲོགས་པོ་རྙིོང་བ་དཔལ་ལྡན་རྣམ་རྒྱལ་ལགས་དང་།   ཁོ་དང་ལྷན་དུ་ཡོད་པའི་ངོ་ཤེས་ཀུན་བཟང་དང་ཟླ་གྲགས་སོགས་ལ་འཕྲད་པ་དང་།   ཁོ་ཚོ་ནི་ཐེངས་དང་པོར་གནས་འདིར་ལྟད་མོ་ཡོང་བ་ཡིན་འདུག    ཁ་བརྡའི་བར་གསེང་དུ་དཔལ་ལྡན་ལགས་ཀྱིས་བཤད་ན།   བདག་གིས་སྔར་ནས་མྱི་ཟུར་ཡུལ་གྱི་རང་བྱུང་ཁོར་ཡུག་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡིན་པ་གོ་ཐོས་བྱུང་ཡོད།   རྒྱུན་ལྡན་ཡིན་ན་ཚོང་ལས་ལ་བྲེལ་བ་ཆེ་ཞིང་ད་ཐེངས་ཆེད་དུ་གོ་སྐབས་བཙལ་ནས་གྲོགས་པོ་འགའ་དང་མཉམ་དུ་ཡུལ་འདིར་ལྟད་མོར་ཕེབས་པ་ཡིན།   ཡུལ་འདིར་ཐོན་ཙ་ན་སེམས་ཁམས་དྭངས་ཤིང་གཙང་ཆབ་སྔོན་མོའི་ཆུ་སྒྲ་ལ་ཉན་པ་ཙམ་གྱིས་ཀྱང་ཡིད་ཀྱི་དང་བ་འདྲེན་པར་བྱེད།   མཐོ་སྒང་གི་སྟོན་མཇུག་ནི་ལོ་མ་ས་ལ་ལྷུང་བའི་དུས་ལ་ཐོན་ཀྱང་འདི་ན་ད་དུང་སྟག་མའི་མེ་ཏོག་བཞད་ཡོད་པས་ངོ་མཚར་ཆེ།   གདོད་མའི་ནགས་ཀློང་འགྲིམས་ན་ལུས་སེམས་གཉིས་ཀའི་བདེ་ཐང་ལ་ཤིན་ཏུ་ཕན་ཞེས་གླེང་ཡོད་པས་རྗེས་མ་གོ་སྐབས་བྱུང་དུས་སླར་ཡང་ལྟད་མོར་ཡོང་འཆར་ཡོད་ཟེར།   

    གྲོང་ཁྱེར་ནས་འདུག་ལོབས་བྱུང་བའི་མི་ཞིག་ཡིན་ན།  རྒྱུན་པར་བྲེལ་འཚུབ་ཀྱི་ལས་ཀའི་ཁྲོད་ནས་མགོ་བོ་འཁོར་དུས་ཡོད།   མཚམས་རེར་རང་བྱུང་ཁམས་དང་ཉེ་བར་བཅར་ན་སེམས་ཁམས་སྙོམས་སྒྲིག་བྱེད་པར་ཕན་པ་མ་ཟད།   རང་ངོ་རང་གིས་ཟིན་པར་ཡང་ནུས་པ་མི་དམན་པ་རེ་ཐོན་ཐུབ་པར་འདོད།    རང་བྱུང་ཁོར་ཡུག་གི་རུམ་ཁ་ནས་མི་རེ་རེའི་མྱོང་ཚོར་དང་ལྟ་ལྟངས་འདྲ་མི་སྲིད།  གལ་སྲིད་ཁྱོད་ལ་ཁོམ་པ་ཡོད་ན་གནས་འདིར་ལྟད་མོར་ཕེབས་དང་།   ཡུལ་འདིའི་རང་བྱུང་ཁམས་ཀྱི་མཛེས་པས་ཁྱོད་ལ་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཞིག་འཇོག་ངེས་ཡིན།   ང་ནི་ཁོམ་པ་བྱུང་དུས་རྒྱལ་ཐང་ཉེ་འཁོར་གྱི་རང་བྱུང་ཁོར་ཡུག་གི་མཛེས་ལྗོངས་ལ་གོམ་བགྲོད་བྱེད་པའི་གོམས་གཤིས་ཤིག་ཆགས་པ་དང་།    གདོད་མའི་ནགས་ཚལ་གྱི་ཀློང་ནས་སུན་སྣང་དང་སྐྱོ་སྣང་ཡོད་ཚད་རྒྱང་དུ་བསྐྱུར་ཆོག་ལ།  ཡང་ན་ཏིང་འཛིན་གྱི་ཀློང་ནས་མ་འོངས་པའི་འཚོ་བ་ལ་བསམ་གཞིགས་ཞིབ་མོ་ཞིག་ཀྱང་བཏང་ཆོག   མྱོང་ཚོར་སྐྱེན་པོ་ཞིག་ཡོད་ན་ལོ་འདབས་ཅིག་གི་འགྱུར་བ་ལས་ཀྱང་མི་ཚེའི་གནས་ལུགས་རྟོགས་ནུས།   རྫ་ཆུ་བསིལ་མའི་རང་སྒྲ་དང་བྱིའུ་ཆུང་འཇོལ་མོའི་སྐད་སྒྲ་ལ་ཉན་པ་ཙམ་གྱིས་ཀྱང་ཡིད་སེམས་ལ་བདེ་བ་དཔག་མེད་ཅིག་སྦྱིན་ཡོང་གི་ཡོད་ན།   རྐང་བཞུད་ཀྱི་འགུལ་སྐྱོད་ནི་སྤྲོ་གསེང་གཏོང་བའི་གདམ་ག་ལེགས་པོ་ཞིག་ཅི་ལ་མིན།      ཤེས་མེད་ཚོར་མེད་ཀྱི་ངང་ནས་ཕྱི་དྲོའི་ཆུ་ཚོད་གསུམ་པར་ང་རང་ནགས་འདབས་སུ་ཐོན་པ་དང་།   ཐག་མི་རིང་བའི་ས་ན་ཡིད་དུ་འོང་བའི་གཞོན་ནུ་མ་ཞིག་གིས་ཞིང་ནང་ན་མ་རྨོས་ལོ་ཏོག་བསྡུ་བཞིན་རྒྱལ་ཐང་གི་འབྲོག་གླུ་ཞིག་ཀྱང་གསལ་ལ་མི་གསལ་བའི་ངང་ནས་བདེ་མོའི་ངག་ལ་གྱེར་བཞིན་འདུག     སྨྲ་མི་ཤེས་པའི་དགའ་སྣང་ཞིག་དང་ཡང་འབྲལ་མི་ཕོད་པའི་བརྩེ་མདངས་ཞིག་གི་ངང་ནས་ང་རང་ཕྱིར་རྫོང་མཁར་དུ་ལོག་པའི་ལམ་ལ་ཆས་པ་ཡིན།