མི་ཚེ་གཅིག་ནང་གི་ཆེས་གལ་ཆེ་ཤོས་དེ་གང་དག་ཡིན་ནམ།

རྩོམ་པ་པོ།   ཚེ་དོན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2021-10-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 མིའི་མཚན་ཉིད་ལ་སྨྲ་ཤེས་ཤིང་དོན་གོ་བ་ཞེས་བྱ་སྟེ།   སྨྲ་ཤེས་ཡང་དོན་གོ་རྒྱུ་ནི་ལས་སླ་མོ་ཞིག་མ་རེད།  མི་ཚེ་ནི་མ་གཞི་ནས་བླང་དོར་གདམ་གསེས་བྱེད་པའི་གོ་རིམ་འབའ་ཞིག་ཡིན་པ་དང་།     བློ་རིག་གསལ་མིན་དེ་ཡང་གཙོ་བོ་གང་ཞིག་མཁོ་བ་དང་གང་ཞིག་གདམ་གསེས་བྱེད་ཤེས་མིན་དེ་ལ་རག་ལས་པ་རེད།  མི་ཚེ་གཅིག་ནི་བྲེལ་བྲེལ་འཚུབ་འཚུབ་ཀྱི་ངང་ནས་ཕར་འདས་ཤིང་།    ལ་ལས་ལུས་པོའི་རྣམ་འགྱུར་ལ་དང་དོད་བྱེད་ཅིང་།   ཡང་ལ་ལས་ནང་སེམས་ཀྱི་ཡོན་ཏན་གཙིགས་སུ་འཛིན།    གང་ལྟར་ཀྱང་མི་རྣམས་ཀྱིས་མི་ཚེ་བཟང་བོ་ཞིག་ཇི་ལྟར་སྐྱེལ་བར་འབད་པ་བྱེད་ཀྱི་ཡོད།    མི་ཚེ་ཞེས་པ་འདི་ཡང་མདོར་དྲིལ་ན་ཉིན་མ་སུམ་ཁྲི་ལྷག་གི་དུས་ཡུན་ཞིག་ལས་མ་འདས་སོ།། 

    བདེ་ཐང་ནི་ནམ་ཡང་ཁ་ངོ་འཛིན་པ་ལས་གལ་ཆེ། 

    ཁ་ངོ་འཛིན་ཕྱིར་མུ་མཐུད་ནས་ནོར་འཁྲུལ་བཟོ་བ་ནི་ཆེས་ཁ་ངོ་མེད་པའི་དོན་དག་ཅིག་ཡིན།   མི་འགའ་ཤས་ཤིག་ནི་གྲོགས་པོ་ཚོ་དང་ལྷན་འཛོམས་བྱུང་དུས་ཆང་འཐུང་ནས་བཟི་འདུག་ན་ཡང་།   ཁ་ངོ་འཛིན་ཕྱིར་ད་དུང་མུ་མཐུད་དུ་འཐུང་བས་ཅི་ཡིན་འདི་ཡིན་མེད་པར་གྱུར་ལ་མཇུག་མཐར་གྲོགས་པོ་ཕན་ཚུན་བར་གྱི་མཛའ་བརྩེ་དང་ཁ་ངོ་འཛིན་མ་ཐུབ་པའི་ཁར་རང་གི་བདེ་ཐང་ལ་ཡང་གནོད་པ་ངེས་ཅན་ཐེབས་ཡོད། 

རྩོམ་པ་པོ་མའོ་ཡན་མིང་དུ་གྲགས་རྗེས་ཕ་ཡུལ་དུ་ལོག་ཐེངས་རེར་གསོལ་མགྲོན་དུ་འགྲོ་ཐེངས་ཇེ་མང་དུ་ཕྱིན་པ་དང་།  ཐེངས་རེ་རེར་ཆང་གིས་བཟི་བྱུང་བས་ཁོང་གི་ཨ་མས་ཚད་དང་རན་པ་འཐུང་དགོས་པའི་ཁ་བརྡ་བྱས།   ཡིན་ན་ཡང་མའོ་ཡན་གྱིས་ཡུལ་མི་ཚོའི་ཁ་ངོ་འཛིན་ཕྱིར་ཆང་མང་དུ་འཐུང་བས་གཞན་གྱིས་སྐྱོར་ནས་ཁྱིམ་ལ་ལོག་པ་ལས་ཐབས་མེད་པར་གྱུར།   ཐེངས་ཤིག་མའོ་ཡན་དང་གྲོགས་པོ་ཚོས་ཆང་དཀར་ཕོར་བ་བཞི་བཅུ་ལྷག་འཐུང་བ་དང་ཡང་དེའི་རྗེས་ནས་ཝུ་ཆང་མང་པོ་ཞིག་འཐུང་།  ཕྱི་ཉིན་བཟི་དྭངས་མ་དྭངས་བར་གྱི་མའོ་ཡན་གཞན་གྱིས་བོས་ནས་ཆང་བསྙལ་སའི་བཟོ་གྲྭ་ཞིག་ལ་སོང་བ་དང་གྲོགས་པོ་ཚོའི་ངོ་མ་ཆོད་པར་མུ་མཐུད་ཆང་འཐུང་ནས་བཟི།  ཆང་འཐུང་རྒྱུ་མང་དྲགས་པས་རྗེས་སུ་ཁོའི་ལུས་པོས་མ་ལྕོགས་པར་སྨན་ཁང་དུ་བསྐྱལ་བ་དང་།    སྨན་ཁབ་རྒྱག་པ་དང་མྱུར་སྐྱོབ་བྱས་པ་ན་ཉེན་ཁ་ལས་ཐར།    ཐེངས་འདིར་ཁོའི་ལུས་པོ་ལ་གནོད་པ་ཚབས་ཆེན་བཟོས་པས་དེའི་རྗེས་ནས་གནས་ཚུལ་གང་ལ་འཕྲད་ཀྱང་ཆང་འཐུང་དུས་ཁོས་རང་གི་བདེ་ཐང་གི་ཆེད་དུ་གཟབ་གཟབ་བྱེད་མགོ་བརྩམས་ཡོད། 

    དོན་དངོས་ཐོག་གྲོགས་པོའི་བར་གྱི་མཛའ་བརྩེ་ནི་ཆང་འཐུང་བ་ཁོ་ནས་རྒྱུན་བསྲིངས་དགོས་པ་ཞིག་ཀྱང་མ་ཡིན་ལ།  མཚམས་རེར་རང་ཉིད་ལ་སྐྱོ་ངལ་མང་བ་ཡང་ཁ་ངོ་འཛིན་རྒྱུ་མང་དྲགས་པས་ཡིན་འདུག    ཁ་ངོ་འཛིན་ཕྱིར་རང་གི་བདེ་ཐང་དོར་བ་ནི་ཐོབ་བྱ་ལས་ཆད་ལྷག་མང་བའི་དོན་དག་ཅིག་ཏུ་མཐོང་།   རྩོམ་པ་པོ་གྲགས་ཅན་ཡུས་ཧྭ་ཡི་རྩོམ་ཡིག་ཅིག་གི་ནང་དུ་ཡང་།  མི་ནི་འཚོ་གནས་རང་སྟེང་ལ་བསམ་ནས་འཚོ་བ་ལས།   འཚོ་བ་ལས་འདས་པའི་དོན་དག་གཞན་ལ་བརྟེན་ནས་འཚོ་བ་མིན་ཞེས་གསུངས་ཡོད།  ཁ་ངོ་འཛིན་པ་དེ་སྐྱུར་ནས་རང་གཞན་གྱི་བདེ་ཐང་ལ་དམིགས་པ་ནི་མི་ཚེ་གཅིག་ནང་གི་ཆེས་གལ་ཆེ་བའི་དོན་དག་ཅིག་ཡིན། 


    སེམས་ཁམས་ནི་ཕྱིའི་རྣམ་པ་ལས་གལ་ཆེ། 

    མི་སུ་ཞིག་ཡིན་རུང་ཡག་ལ་མི་དགའ་མཁན་ནི་ཕལ་ཆེར་དཀོན་ལ།   སུས་ཀྱང་རང་ཉིད་ལ་བཟོ་ལྟ་ལེགས་པོ་ཞིག་ཡོད་ན་འདོད།  ཡིན་ན་ཡང་དོན་དངོས་ཐོག་ཕྱིའི་རྣམ་པ་ནི་རང་གི་སེམས་ཁམས་ལ་རག་ལས་ཆེན་པོ་ཡོད།   མི་ཞིག་གི་ཞལ་ངོའི་བཟོ་ལྟ་ནི་སེམས་ཀྱི་དགེ་སྡིག་དང་བསྟུན་ནས་འགྱུར་ལྡོག་བྱུང་བཞིན་ཡོད།    མི་ཞིག་གི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ནི་མི་དེའི་གདོང་གི་རྣམ་པ་ལས་གསལ་བོར་མངོན་ཐུབ་ཀྱི་ཡོད།   གལ་ཏེ་ཁྱོད་ནི་ཡ་རབས་དང་སེམས་བཟང་།   སྤྲོ་སྣང་ཅན་ཞིག་ཡིན་ན་ཕྱིའི་བཟོ་ལྟ་ཡང་རིམ་བཞིན་ཇེ་བཟང་དུ་འགྲོ་ལ།    སེམས་ནང་ལ་ཁོང་ཁྲོ་དང་ཞེ་སྡང་།   ལེ་བདའ་སོགས་ཀྱིས་ཁེངས་པ་ཞིག་ཡིན་ན་བཟོ་ལྟ་དེ་ཡང་ཉམས་མི་དགའ་བ་ཞིག་ཏུ་ཐོན་གྱི་ཡོད།  

    རྒྱུན་ལྡན་འཚོ་བའི་ཁྲོད་ཁྱོད་ཀྱིས་དྲན་རྒྱུ་མང་དྲགས་ན་སེམས་པ་ཡང་ཐང་ཆད་སླ་བ་དང་།  མ་གཞི་མི་ཚེ་ནི་དུས་ཡུན་ཐུང་ཐུང་ཞིག་ཡིན་པས་དོན་དག་གཅིག་ལ་དེ་འདྲའི་འདང་མི་ཕོག་པ་བྱ་དོན་མེད།    སྡུག་བསྔལ་གྱི་ཀློང་དུ་ཚུད་ནས་རང་སེམས་ལ་རྨ་ཁ་བཟོ་བ་ལས་སེམས་ནང་གི་ཁོང་ཁྲོ་དང་ལེ་བདའ་སོགས་དོར་ནས་རང་དང་མཚམས་པའི་བདེ་སྐྱིད་ཅིག་ལ་རེ་སྙེག་བྱས་ན་ཅིས་མི་འགྲིག     ཉོན་མོངས་དང་སུན་སྣང་དོར་བ་ཡིན་ན་སེམས་པ་བདེ་ལ་འབབ་ཅིང་།   བཅོས་མིན་འཛུམ་གྱིས་ཁེངས་ཤིང་ཀུན་སློང་གཙང་མ་ཅན་ཞིག་ཡིན་ན་སུས་ཀྱང་དགའ་མོས་བྱེད་པ་ལྟར་ཡིན། 


    མི་གཤིས་ནི་ནུས་པ་ལས་གལ་ཆེ། 

    རྩོམ་པ་པོ་གྲགས་ཅན་ཀོར་ཅི་ལགས་ཀྱིས་གསུང་ན།   གཞུང་དྲང་ཞིང་བབས་ཆགས་པའི་ལམ་ལ་བསྐྱོད་ན།  ངེས་པར་འགྱོད་སྣང་མེད་པའི་གནས་མལ་ཞིག་ཡོད་སྲིད་ཅེས་བརྗོད་ཡོད།   ཟང་ཟིང་གི་འཚོ་བའི་ཁྲོད་རྙོག་འཛིང་གི་དོན་དག་ལ་འཕྲད་པ་ཤིན་ཏུ་མང་ན་ཡང་།  མི་གཤིས་བཟང་བོ་ཞིག་ལ་སྙེག་པ་ནི་འཚོ་སྡོད་ཀྱི་རྩ་བ་ཡིན།   མི་ཚུལ་ལྡན་ཞིག་བྱེད་པ་དང་ཕྱི་གསལ་ནང་གསལ་ཅན་ཞིག་ཡིན་ན་གཏན་གྱི་འདུན་མ་རེག་ཅིང་བྱ་བ་གང་དུ་འཇུག་ཀྱང་རང་སེམས་ལ་ངོ་གནོང་མི་དགོས་པ་ཞིག་ཡོང་ངེས།  མི་ཞིག་གི་ནུས་པ་དེ་ཤིན་ཏུ་གལ་ཆེ་ཡང་དེ་ལས་ཀྱང་གལ་ཆེ་བ་ནི་མི་གཤིས་ཡིན།    མི་གཤིས་མ་བཟང་ན་ནམ་ཞིག་གྲོགས་དང་ནང་མི་ལ་གནོད་པའི་རྒྱུ་རུ་འགྱུར་ཉེན་ཆེ་ལ་རང་ཉིད་ཀྱི་ཁ་ཕྱོགས་ཀྱང་བོར་ནས་གཏན་གྱི་འདུན་མ་བརླག་པའི་ཉེན་ཁ་ཆེ།   མི་གཤིས་བཟང་བོ་ཞིག་མེད་ན་ནུས་པ་ཅི་ཙམ་ཆེ་ཡང་ཕན་འབྲས་ཆེར་མི་ལོན།  མི་གཤིས་བཟང་བོ་ཞིག་ལ་འབད་ནས་གཞན་ཕན་གྱི་བྱ་གཞག་གཉེར་བ་ཡིན་ན་ཀུན་གྱིས་བརྩི་མཐོང་བྱེད་ཅིང་དང་རང་དོན་ཡང་ལྷུན་གྱིས་འགྲུབ་ནས་མི་ཚེའི་བགྲོད་ལམ་དེ་ཡང་སྔར་ལས་ཡངས་ཤིང་རྒྱ་ཆེ་ལ་དོན་སྙིང་དང་ལྡན་པ་ཞིག་ཏུ་འགྱུར་དུས་ཡོད།  

    འདས་ཟིན་པའི་དོན་དག་ལ་ཕྱིར་དྲན་བྱེད་དུས།   སྔར་གྱི་མི་ཚེ་སྟོང་ཟད་བཏང་བར་འགྱོད་གདུང་ཁོ་ན་བྱ་མ་འོས་ལ།   ཡང་མ་འོངས་པའི་འཚོ་བ་ལ་གདོང་གཏོད་དུས་ཐེ་ཚོམ་དང་འཇིག་སྣང་སྐྱེ་དོགས་ཀྱང་མེད།   འདས་ཟིན་པ་དེ་དག་ཉམས་མྱོང་དང་བསླབ་བྱ་ཞིག་ཏུ་བརྩིས་ན་འོས་པར་བསམ།  འཚོ་ཞིང་གནས་དགོས་ན་དོན་དག་མང་པོ་ཞིག་ལ་ཅིས་ཀྱང་འཕྲད་སྲིད་པས་དོན་དག་དེ་དག་ནི་ང་རང་ཚོ་དཔའ་ངར་དང་བདེ་སྐྱིད་ཀྱི་སྒོ་ནས་འཚོ་གནས་བྱས་ཡོད་པའི་བདེན་དཔང་རེ་རེ་ཡིན།   མི་ཚེ་གཅིག་གི་དུས་ཡུན་ནང་འགྱོད་པ་དང་སུན་སྣང་གིས་འདས་པ་ལས་རང་ངོ་རང་གིས་ཟིན་ནས་དུས་ཚོད་དམ་འཛིན་གྱིས་དོན་སྙིང་ཡོད་པའི་བྱ་བ་རེ་སྒྲུབ་ན་ཅིས་མི་བཟང་།