གཉིད་ཀྱིས་མ་འདང་བའི་སྐྱོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

 ཉེ་ཆར། མི་དམངས་ཉིན་རེའི་ཚགས་པར་གྱི་གཞུང་ཕྱོགས་པོད་འཕྲིན་ལྟར་ན།  ཀྲུང་གོའི་མི་དུང་ཕྱུར་གསུམ་ལྷག་ལ་གཉིད་ཀྱིས་མི་འདང་བའི་གནད་དོན་བྱུང་ཡོད་ཟེར།   དེའི་ཁྲོད་ནས་བཞི་ཆའི་གསུམ་ནི་དགོང་མོའི་ཆུ་ཚོད་བཅུ་གཅིག་གི་རྗེས་ནས་ཉལ་གྱི་ཡོད།    གསུམ་ཆའི་གཅིག་ནི་ནམ་ཡོལ་རྗེས་ཀྱི་ཆུ་ཚོད་གཅིག་གི་ཐོག་ཉལ་གྱི་ཡོད།   སློབ་གྲྭ་ཆུང་འབྲིང་གི་སློབ་མ་མི་ཉུང་བ་ཞིག་ལའང་གཉིད་ཀྱིས་མི་འདང་བ་དང་མཚན་འཁྱོངས་བྱས་པའི་གནས་ཚུལ་བྱུང་གི་ཡོད།   

    མཚན་འཁྱོངས་བྱེད་པ་ནི་གཉིད་རན་པའི་དུས་ཚོད་ལ་ཐོན་ན་ཡང་གཉིད་མེད་པའི་གནས་སྐབས་དེ་ལ་ཟེར།    སྤྱིར་བཏང་ཡིན་ན་དགོང་མོའི་ཆུ་ཚོད་བཅུ་གཅིག་གི་རྗེས་ནས་ཉལ་ན་མཚན་འཁྱོངས་བྱས་པར་བརྩིས་ཆོག  རྒྱུ་མཚན་ནི་མིའི་ལུས་པོའི་རང་གསོ་ནུས་པ་ནི་ཆུ་ཚོད་བཅུ་གཅིག་ནས་ནམ་ཡོལ་རྗེས་ཀྱི་ཆུ་ཚོད་གསུམ་པའི་བར་འཁོར་བསྐྱོད་བྱེད་ཀྱི་ཡོད་པས་བར་འདིའི་རིང་གི་གཉིད་ཧ་ཅང་གལ་ཆེན་པོ་ཡིན་པར་གསུངས་ཡོད།  

    གཉིད་ཀྱིས་མ་འདང་ན་གནད་དོན་མང་པོ་ཞིག་འབྱུང་བཞིན་ཡོད་དེ།   ཕྱི་ཉིན་རྣམ་རིག་མི་གསལ་བ་དང་གཉིད་ཡོང་བ།   ཐང་ཆད་པ་སོགས་བྱུང་ལ།   གཉིད་ཀྱིས་མ་འདང་བའི་གནས་ཚུལ་ཇེ་མང་དུ་སོང་ན་བྲེལ་འཚུབ་དང་ཁོང་ཁྲོ།  ཞེ་སྡང་། ཡི་ཡུག་པ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད། རིམ་བཞིན་མིའི་ལུས་པོའི་ནད་འགོག་ནུས་པ་ཇེ་ཞན་དུ་སོང་ནས་ནད་རིགས་སྣ་ཚོགས་ཐོན་གྱི་ཡོད་པ་ཡང་འཚོ་བའི་གནས་ཚུལ་ལས་ཤེས་ཐུབ་ཀྱི་ཡོད། 


     བདེ་ཐང་ཀྲུང་གོ་ཞེས་པའི་བྱེད་སྒོ་ནང་སློབ་ཆུང་སློབ་མ་ཡིན་ན་ཆུ་ཚོད་བཅུའི་རིང་གི་གཉིད་ཀྱིས་འདང་ན་བཟང་། དམའ་འབྲིང་སློབ་མ་ཡིན་ན་ཆུ་ཚོད་དགུའི་རིང་གི་གཉིད་ཀྱིས་འདང་ན་བཟང་།   མཐོ་འབྲིང་སློབ་མ་ཡིན་ན་ཆུ་ཚོད་བརྒྱད་རིང་གི་གཉིད་ཀྱིས་འདང་ན་བཟང་།   མི་དར་མ་ཡིན་ན་ཆུ་ཚོད་བདུན་ནས་བརྒྱད་རིང་གི་གཉིད་ཀྱིས་འདང་ན་བཟང་ཚུལ་བཤད་ཡོད། ཡིན་ན་ཡང་རྒྱུན་པར་གཉིད་ཡུན་རིང་དྲགས་ན་ལུས་པོར་ཕན་གྱི་མེད། 

    རབ་ཡིན་ན་དགོང་མོའི་དུས་ལ་ཁ་པར་དང་གློག་ཀླད།  བརྙན་འཕྲིན་བཅས་ལ་བལྟ་ཡུན་རིང་ན་མི་བཟང་བ་དང་།  ཇ་ཁ་མོ་དང་འཚིག་ཇ་མངར་མོ་མང་སོང་ན་ཡང་མི་ཕན།    མ་གཉིད་པའི་སྔོན་ལ་སེམས་པ་ལྷོད་ལ་འབབ་རྒྱུ་ཡང་ཤིན་ཏུ་གལ་ཆེ་བ་དང་།   བསམ་རྒྱུ་མང་ན་མི་ཕན།  བཟའ་བཏུང་ཡིན་ནའང་ཁ་ཚའི་རིགས་མ་ཟོས་ན་བཟང་།  སྤྱིར་བཏང་ཆུ་ཚོད་ལྔ་ཡན་གྱི་གཉིད་ཀྱིས་མ་འདང་ན་རྣམ་རིག་མི་གསལ་བ་དང་། དྲན་ཤེས་ཇེ་ཞན་དུ་འགྱུར་བ་སོགས་ཀྱི་གནས་ཚུལ་འབྱུང་བཞིན་ཡོད་པས་རང་གི་བདེ་ཐང་གི་ཕྱིར་དུ་གནས་ཚུལ་འདི་རིགས་ལ་གཟབ་པ་ཤིན་ཏུ་གལ་ཆེ་བ་རེད།