འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ་ཞེས་པའི་མིང་ཐོའི་ནང་ཚུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-22   རྩོམ་ཁུངས།    ཡུན་ནན་ཁྱབ་སྤེལ།

        ཉེ་སྔོན།  རིག་གནས་དང་ཡུལ་སྐོར་པུའུ་ཡིས་2021ལོ་ནས་2023ལོ་འཁོར་གྱི་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ་ཞེས་པའི་མིང་འདོགས་རྩིས་ཡོད་པའི་མིང་ཐོ་གཏན་འཁེལ་བྱས་པ་དང་།  དེའི་ཁྲོད་དུ་ཡུན་ནན་གྱི་ས་གནས་7ནང་ཚུད་ཡོད་དེ་སོ་སོ་ནི་གཤམ་གསལ་ལྟར།

        ཀོང་རྩེད་ར་ནི་ཀོང་ཇོ་རྩེད་མོ་རྩེ་བའི་ར་བ་ཞེས་པའི་དོན་ཡིན་ལ།  བདེ་ཆེན་ཁུལ་འཇོལ་རྫོང་པད་མ་རི་བོའི་འདབས་སུ་ཆགས་ཡོད་ལ། འཛམ་གླིང་གི་རང་བྱུང་ཤུལ་བཞག་གཙང་གསུམ་མཉམ་རྒྱུག་དང་པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲུབ་ཆ་ཡིན། གྲོང་རྡལ་དེའི་ཁོངས་སུ་སྡེ་ཁུལ་གཅིག་དང་གྲོང་མི་ཨུ་ལྷན་དྲུག   གྲོང་མི་ཚོ་ཆུང་རེ་བདུན་བཅས་ཡོད།  ས་གནས་དེ་གར་ཕུན་སུམ་ཚོགས་པའི་མི་རིགས་གླུ་གར་དང་མི་རིགས་གོས་རྒྱན་དང་།  ཁྲ་ཆིལ་དགུ་ཆིལ་གྱི་ཤིང་ཕོར་དང་དངུལ་ཆས་སོགས་ཡོད། 

        ཀོང་རྩེད་ར་སྐོར་བྲོ་ནི་འཇོལ་རྫོང་གི་བྲོ་གཞས་རིགས་སོ་སོའི་ཁྲོད་ཆེས་མིང་གྲགས་ཆེ་བ་ཞིག་དང་ས་གནས་དེ་གའི་སྲོལ་རྒྱུན་གྱི་དམངས་ཁྲོད་གླུ་གར་དུ་བྱས་ནས་སྐོར་བྲོ་དང་དམངས་ཁྲོད་དམངས་སྲོལ་དུས་སྟོན་བྱེད་སྒོ་སོགས་དང་བྲལ་ཐབས་མེད་ལ།  སྐོར་བྲོ་དང་ནང་དོན་གཞན་དག་གིས་མཉམ་དུ་ཆོ་གའམ་བྱེད་སྒོ་ཆ་ཚང་གྲུབ་ཡོད་པ་རེད།

སྐོར་བྲོ་འཁྲབ་བཞིན་པ།

        བག་སྟོན་དང་ལྷ་བསུ་སོགས་དུས་སྟོན་དུ་སྐོར་བྲོ་ནི་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད་པ་དང་།  འཁྲབ་སྟངས་ལ་བཤད་ན་གྲལ་སྒྲིག་ནས་འཁྲབ་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགའ་ཡོད་ལ།  རྒྱལ་ཐང་སྐོར་བྲོ་སོགས་དང་བསྡུར་ན་ཀོང་རྩེད་རའི་སྐོར་བྲོ་ལ་སྐེད་པ་སྒུར་བ་དང་མགོ་སྒུར་བའི་སྟངས་སྟབས་ཉུང་བ་དང་།  བྲོའི་སྟངས་སྟབས་དང་གཞས་གདངས་ནི་ལྷོད་ལྷོད་ནས་ཡང་ཞིང་མགྱོགས་པ་ནས་ཆེས་མགྱོགས་པའི་བར་གྱུར་སྲོལ་ཡོད།

སྐོར་བྲོའི་ཚིག་དང་གཞས་གདངས་ཧ་ཅང་ཕུན་སུམ་ཚོགས་པོར་ཡོད་ལ།  2018ལོར། ཀོང་རྩེད་ར་གྲོང་རྡལ་གྱིས་གྲོང་པ་སོ་སོའི་ཉར་ཚགས་བྱས་ཡོད་པའི་བྲོ་ཚིག་དང་གཞས་གདངས་ལ་ཕྱོགས་ཡོངས་ནས་འཚོལ་སྡུད་ཟིན་ཐོ་བཟོས་བ་དང་།  ལེགས་སྒྲིག་བྱས་རྗེས་ ཁྱོན་བྲོ་ཚིག་དང་གཞས་གདངས་300ཙམ་སྡོམ་རྩིས་བྱས་ཡོད།   བྲོ་ཚིག་ཐོག་སྲོལ་རྒྱུན་གྱི་སྐོར་བྲོའི་ཚིག་གྲངས་ཅུང་གཏན་འཇགས་ཡིན་མོད།  འོན་ཀྱང་སྐབས་བབ་ཀྱི་བླངས་པའི་བྲོ་ཚིག་ནི་ཡུལ་གནས་མི་འདྲ་བ་དང་མི་མི་འདྲ་བས་འགྱུར་ལྡོག་ཆེན་པོ་ཡོད།

        དུས་ཡུན་རིང་པོའི་ནང་།  ཀོང་རྩེད་རའི་སྐོར་བྲོ་ཡིས་རང་ཉིད་ཀྱི་རང་བྱུང་གི་རྣམ་པ་ཡིས་དམངས་ཁྲོད་རྒྱུད་འཛིན་བྱས་ཡོད་ལ།  ས་གནས་དེ་གའི་ཕོ་མོ་རྒན་གཞོན་ཀུན་གྱིས་སྐོར་བྲོ་ལ་དགའ་ཞན་ཡོད་པ་མ་ཟད་སྐོར་བྲོ་འཁྲབ་ཤེས་འདུག  དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཀོང་རྩེད་རའི་སྐོར་བྲོ་ཡིས་ཀྱང་རིམ་བཞིན་ལུང་གཞུང་ནས་ཕྱིར་ཐོན་ཏེ་འཛམ་གླིང་གི་གར་སྟེགས་སྣ་ཚོགས་སུ་སླེབས་ཡོད་པ་རེད།

ཀོང་རྩེད་རའི་བུད་མེད་ཀྱི་གོས་རྒྱན།

        མིག་སྔར།  ཀོང་རྩེད་རའི་སྐོར་བྲོའི་རྒྱལ་ཁབ་ཕྱི་ནང་གི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་དེ།  ས་གནས་དེ་གའི་སློབ་གྲྭ་ཆུང་འབྲིང་གིས་སྐོར་བྲོ་དེ་སློབ་གསེང་ལུད་སྦྱོང་གི་ནང་དོན་དུ་བཅུག་ཡོད་ལ།  གྲོང་མི་ཚོ་ཆུང་སོ་སོས་རང་ཉིད་ཀྱི་སྐོར་བྲོའི་འཁྲབ་སྟོན་རུ་ཁག་བཙུགས་ནས་སྐོར་བྲོའི་འཚོལ་སྡུད་དང་ལེགས་སྒྲིག་ལས་ཀ་སྤེལ་ཡོད།   ས་གནས་དེ་གའི་སྐོར་བྲོ་རྒྱུད་འཛིན་པ་ཁག་ཅིག་སྔ་རྗེས་སུ་མིང་བཏགས་ངོས་འཛིན་ཐོབ་ཡོད་པ་རེད།