བོད་ཀྱི་ཤོག་ཆག་གི་ཁ་ཡིག་འབྲི་སྟངས་ལ་དང་དོད་ཆེན་པོ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-15   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར།

        བོད་རིགས་ཀྱི་བྱ་བ་བཟང་ངན་གང་ལའང་ཁ་བཏགས་དང་ཤོག་ཆག་ནི་མེད་དུ་མི་རུང་བ་ལྟ་བུ་ཞིག་ཡིན་ལ་ཤོག་ཆག་གི་ཁ་ཡིག་འབྲི་ཚུལ་ཡང་མི་འདྲ་བའོ།

        གཅིག གཉེན་སྒྲིག་ལྟ་བུ་ཡིན་ན། “ཁྲུང་སའི་བཀྲ་ཤིས་རྟེན་མཚོན་སྒོར”ཞེས་པའམ་ཡང་ན“གསོལ་འབྲས་དོད”ཅེས་སམ། ཡང་ན“ནམ་དོད”ཅེས་ཀྱང་འབྲི་སྲོལ་ཡོད་དེ་ཆང་སའི་རྟེན་འབྲེལ་ཐོག་བུ་དང་མནའ་མ་སོགས་ལ་རྟེན་མཚོན་དུ་གོས་སྣ་སྤྲོད་སྲོལ་ཡོད་པས། དེའི་དོད་དངུལ་ཤོག་ཆག་བརྒྱབ་པས་ན་གོས་དོད་དམ་ན་བཟའི་དོད་དེ་ནམ་དོད་ཅེས་སོ།  ཆང་སའི་རྟེན་འབྲེལ་སོགས་ཀྱི་ཐོག་ཏུ་ལས་ཀ་བྱེད་མཁན་ནམ་ཞབས་ཞུ་བ་རྣམས་ལ་ཤོག་ཆག་སྤྲོད་སྲོལ་ཡོད་པས་དེའི་ཁ་ཡིག་ཏུ་ཁྲུང་རིན་སྒོར་ཞེས་བྲིས་པའི་རྗེས་སུ་སོར་གང་ཙམ་ཕབ་ཏེ“ཕུལ”ཞེས་འབྲི་སྲོལ་ཡོད།

        གཉིས། ཁང་པ་གསར་རྒྱག་གི་ཐོག་བཀབ་པའི་ཐོག་གསོལ་དང་། ཁང་པ་ཡོངས་སུ་གྲུབ་ཏེ་དངོས་སུ་སྤོ་སྡོད་བྱས་ནས་ཐབ་ལ་མེ་གཏོང་བའི་ཉིན་མོ་ཐབ་ཁ་བྲོའམ་ཁང་གསོལ་བཅས་ལ་རྟེན་འབྲེལ་བྱེད་པའི་སྐབས་ཤོག་ཆག་གི་ཁ་ཡིག་ཏུ“གཟིམ་ཤག་གསར་བཞེངས་ཀྱི་ཞལ་བྲོའི་རྟེན་མཚོན་སྒོར”ཞེས་པའམ་ཡང“གསོལ་འབྲས་དོད”ཅེས་ཀྱང་བྲིས་ཆོག  མདོར་ན་བཀྲ་ཤིས་པའི་བྱ་བ་ཡིན་ཕྱིན“རྟེན་འབྲེལ་མཚོན་བྱེད”ཅེས་པ་ཀུན་ལ་བྲིས་ཀྱང་མ་འགྲིག་པ་མེད།

        གསུམ། དགའ་ཉེ་སྤུན་མཆེད་ནད་ཀྱིས་མནར་ནས་ལུས་པའི་ཚེ་ནད་སྐོར་རྒྱག་སྐབས་ཤོག་ཆག་སྤྲོད་སྲོལ་ཡོད་པས། ཤོག་ཆག་གི་ཁ་ཡིག་ཏུ“སྙུན་གསོས་དོད་སྒོར”ཞེས་འབྲི་སྲོལ་འདུག

        བཞི། སྐྱེས་སྐར་རྟེན་འབྲེལ་གྱི་ཤོག་ཆག་གི་ཁ་ཡིག་ཏུ“འཁྲུངས་སྐར་བཀྲ་ཤིས་རྟེན་མཚོན”ནམ་ཡང་ན“རྟེན་འབྲེལ་མཚོན་བྱེད”དམ“གསོལ་འབྲས་དོད”ཅེས་ཀྱང་འབྲི་བཞིན་འདུག

        ལྔ། འགྲུལ་པ་ཐག་རིང་དུ་ཐོན་ཁའི་དགའ་སྐྱེལ་བྱེད་པའི་ཤོག་ཆག་གི་ཁ་ཡིག་ཏུ“ཕེབས་རྫོངས་རྟེན་མཚོན”ནམ“ཕེབས་རྫོངས་དོད”ཅེས་པའམ“རྟེན་འབྲེལ་མཚོན་བྱེད”ཅེས་བྲིས་པའོ།

        དྲུག རང་ལ་རོགས་བྱེད་མཁན་ནམ་རྟེན་འབྲེལ་ཆེ་མོའི་སྐབས་སུ་རོལ་ཆ་གཏོང་མཁན་དང་མ་བྱན་ཆེ་མོ་བ་ལྟ་བུར་སྤྲོད་བྱེད་དུ“ཐུགས་རྗེ་ལེགས་འབུལ”ཞེས་པའམ“ལེགས་སྐྱེས་སྒོར”ཞེས་འབྲི་ཡི་ཡོད།

    བདུན། མི་ཤི་བྱུང་བའི་ཚེ་སེམས་གསོའི་ཤོག་ཆག་གི་ཁ་ཡིག་ཏུ“ཐུགས་གསོས་སྒོར”ཞེས་འབྲི་བ་དང་། དེ་མིན་སྐུ་ཕུང་ཕྱིར་མ་ཐོན་གོང་གི་ཤོག་ཆག་ལ“དཀར་མེའི་ཞལ་འདེབས”ཞེས་འབྲི་བ།  བདུན་ཚིགས་རྣམས་སུ“མཆོད་སྤྲིན་ཞལ་འདེབས”ཞེས་པ་འབྲི་བའོ།